༄༅། །པའུ་ལུ་ཡིས་ཐི་མོ་ཐེ་ལ་བྲིས་པའི་འཕྲིན་ཡིག་གཉིས་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་64-66 བར་ཙམ་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། སྐུ་ཚབ་པའུ་ལུའི་ཉེ་གནས་ཐི་མོ་ཐེ།
ནང་དོན་གཙོ་བོ། སྤྱི་ལོ་64-66 བར་གྱི་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་རྒྱལ་པོ་ནེ་རཱོ་ཡིས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཆོས་ཚོགས་ལ་ངོ་རྒོལ་དང་གནོད་འཚེ་བྱས་ཏེ། མངོན་སུམ་དུ་མཱ་ཤི་ཀ་པ་རྣམས་ལ་མནར་གཅོད་བཏང་ནས་བསད། སྐུ་ཚབ་པའུ་ལུ་ཡིས་འཕྲིན་ཡིག་འདི་འབྲི་སྐབས་ཁོང་འཛིན་བཟུང་བྱས་ནས་རོ་མཱ་པའི་བཙོན་ཁང་དུ་བཞག ཆོས་ཤོད་མཁན་ལུ་ཀཱ་གཅིག་པུ་ཁོང་དང་མཉམ་དུ་ཡོད། གཙོ་བོ་ཡེ་ཤུ་ལ་དད་པའི་རྐྱེན་གྱིས་ཁོང་རིང་པོར་མ་ལོན་པར་གསོད་པར་འགྱུར་བ་ཤེས། སྡུག་བསྔལ་དེ་ལྟར་ཆེན་པོ་མྱོང་ཡང༌། དམ་པའི་ཐུགས་ཉིད་ལས་བྱུང་བའི་དགའ་སྤྲོའི་ངང་ནས་རང་གི་ཉེ་གནས་ཐི་མོ་ཐེ་ལ་སེམས་གསོ་བྱེད་ཕྱིར་འཕྲིན་ཡིག་འདི་བྲིས།
ལེའུ་དང་པོ།
འཚམས་འདྲི།
མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དཔག་ཏུ་མེད་པའི་ཚེའི་ཞལ་ཆད་བཞིན་དུ། དཀོན་མཆོག་གི་ཐུགས་དགོངས་ལྟར་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་ཡིས། གཅེས་པའི་བུ་ཐི་མོ་ཐེ་ལ་འཕྲིན་ཡིག་འདི་ཕུལ་ལོ། ཡབ་དཀོན་མཆོག་དང༌། མཱ་ཤི་ཀ་ཡེ་ཤུ་ང་ཚོའི་གཙོ་བོ་ནས་ཐུགས་རྗེ་དང༌། བྱམས་པ། ཞི་བདེ་ཁྱེད་ལ་འཐོབ་པར་གྱུར་ཅིག
བཀའ་དྲིན་ཆེ་ཞུ་བ་དང་སྐུལ་མ།
ངས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་སྟེ་སྔར་གྱི་མེས་པོ་ལྟར་སེམས་བཟང་པོས་དཀོན་མཆོག་ལ་ཞབས་ཏོག་བྱེད། སྨོན་ལམ་འདེབས་དུས་ཁྱེད་ཉིན་མཚན་མེད་པར་དྲན། སྔར་ཁྱེད་དང་ཁ་བྲལ་དུས་ཀྱི་སྐྱོ་གདུང་གི་མིག་ཆུ་དྲན་པས་རང་སེམས་དགའ་བས་མྱོས་ཕྱིར་ཁྱེད་མཇལ་བར་ཤིན་ཏུ་འདོད། ཁྱེད་ཀྱི་བཅོས་མིན་གྱི་དད་པ་དེ་དྲན། ངས་དད་པ་དེ་ནི་དང་པོ་ཁྱེད་ཀྱི་རྨོ་བོ་ལོ་ཨེ་སི་དང༌། ཡུམ་ཡུ་ནི་ཀེ་གཉིས་ཀྱི་སེམས་ལ་ཡོད་པ་དེ་ཁྱེད་ཀྱི་སེམས་ལའང་ཡོད་པ་ཐེ་ཚོམ་མེད་པར་ཤེས། དེའི་ཕྱིར་ངས་ལག་པ་འཇོག་པའི་སྒོ་ནས་ཁྱེད་ཀྱི་ནང་ན་ཡོད་པའི་དཀོན་མཆོག་གི་གནང་སྦྱིན་དེ་མེ་རོ་ལྟར་སླར་གསོ་བར་དྲན་སྐུལ་བྱེད།* 1:6 ལག་པ་འཇོག་པ་ནི་ལས་འགན་བསྐོས་པ་དང་དད་ལྡན་རྣམས་ཀྱི་མོས་མཐུན་ཡོད་པའི་རྟགས་ཡིན། རྒྱུ་མཚན་ནི་དཀོན་མཆོག་གིས་ང་ཚོར་གནང་བ་དེ་འཇིགས་སྣང་གི་སེམས་མ་ཡིན་ཏེ། ནུས་མཐུ་དང་བྱམས་པ། རང་ཉིད་བཅུན་པའི་སེམས་བཅས་ཡིན་ནོ། །
དེའི་ཕྱིར་ང་ཚོའི་གཙོ་བོ་ལ་དཔང་པོ་བྱེད་པའི་ཆེད་དང༌། མཱ་ཤི་ཀའི་བཙོན་པར་གྱུར་བ་ངའི་ཕྱིར་གནོང་འགྱོད་མ་བྱེད། དཀོན་མཆོག་གི་ནུས་མཐུ་ལ་བརྟེན་ནས་འཕྲིན་བཟང་གི་དོན་དུ་ང་དང་མཉམ་དུ་སྡུག་བསྔལ་མྱོང་དགོས། ང་ཚོས་བྱས་པའི་ལས་ཀྱི་རྐྱེན་གྱིས་མ་ཡིན་པར། རང་གི་ཐུགས་དགོངས་དང་ཐུགས་རྗེའི་རྐྱེན་གྱིས་དཀོན་མཆོག་གིས་ང་ཚོ་བསྐྱབས་ནས་དམ་པའི་སྤྱོད་ལམ་སྐྱོང་བར་བོས་གནང་མཛད། ཐུགས་རྗེ་དེ་ནི་འཇིག་རྟེན་མ་བཀོད་པའི་གོང་ནས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ང་ཚོར་གནང་བ་ཡིན། 10 དེ་ཡང་ད་ལྟ་ང་ཚོའི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུ་འབྱོན་པའི་སྒོ་ནས་ཐུགས་རྗེ་དེ་མངོན་པར་མཛད། འཆི་བ་མེད་པར་མཛད་ནས། འཕྲིན་བཟང་བརྒྱུད་དཔག་ཏུ་མེད་པའི་ཚེ་དང་མི་འཇིག་པ་མངོན་སུམ་དུ་གནང༌། 11 འཕྲིན་བཟང་དེའི་དོན་ལ་ང་ནི་སྒྲོག་མཁན་དང༌། སྐུ་ཚབ། སློབ་དཔོན་ལ་བསྐོས་པ་ཡིན། 12 དེའི་ཕྱིར་སྡུག་བསྔལ་འདི་ཙམ་མྱོང་ཡང༌། ང་ལ་གནོང་འགྱོད་མེད། གང་ཡིན་ཟེར་ན། ངས་སུ་ལ་དད་པ་བྱས་པ་དེ་ངོ་ཤེས་ཤིང༌། གཙོ་བོའི་སླར་འབྱོན་པའི་ཉིན་མོ་དེའི་བར་དུ་ངས་ཁོང་ལ་གང་བཅོལ་བ་ཁོང་གིས་སྲུང་ཐུབ་པ་ཐེ་ཚོམ་མེད་པར་ཤེས་སོ། 13 མཱ་ཤི་ཀ་ཡེ་ཤུ་ལ་བརྟེན་ནས་དད་པ་དང་བྱམས་སེམས་ཀྱིས་ང་ལས་ཐོས་པའི་བསྟན་པ་ཡང་དག་པ་དེ་བརྟན་པོར་ཟུངས་ཤིག 14 ང་ཚོའི་ནང་དུ་བཞུགས་པའི་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཁྱེད་ལ་སྔར་གཏད་པའི་བདེན་པའི་བསྟན་པ་དེ་སྲུངས་ཤིག
15 ཕི་གེལ་ལུ་དང་ཧེར་མོ་གེ་ནཱེ་གཉིས་ཀ་ཚུད་པའི་ཨེ་ཞེ་ཡཱ་ཞིང་ཆེན་ལ་ཡོད་པའི་དད་ལྡན་པ་ཐམས་ཅད་ཀྱིས་ང་བསྐྱུར་བ་ཁྱེད་ཀྱིས་ཤེས། 16 གཙོ་བོས་ཨོ་ནེ་སི་ཕུ་རུ་ཡི་ཁྱིམ་ལ་ཐུགས་རྗེ་གནང་བར་ཤོག ཁོང་གིས་ང་ལ་ཐེངས་མང་སེམས་གསོ་བྱས་ཤིང༌། ང་བཙོན་པ་ཡིན་པར་ངོ་མི་གནོང་བར། 17 རོ་མཱ་གྲོང་ཁྱེར་ལ་སླེབས་རྗེས་བརྩོན་སེམས་ཀྱིས་ང་བཙལ་ནས་རྙེད། 18 གཙོ་བོའི་སླར་འབྱོན་པའི་ཉིན་མོ་དེར་གཙོ་བོས་ཁོང་ལ་ཐུགས་རྗེ་གནང་བར་ཤོག ཡང་ང་ཨེ་ཕེ་སུ་གྲོང་ཁྱེར་ལ་ཡོད་དུས་ཁོང་གིས་ང་ལ་རོགས་རམ་ཇི་ཙམ་གནང་བ་ཁྱེད་ཀྱིས་ལེགས་པར་ཤེས་སོ། །

*ལེའུ་དང་པོ།:6 1:6 ལག་པ་འཇོག་པ་ནི་ལས་འགན་བསྐོས་པ་དང་དད་ལྡན་རྣམས་ཀྱི་མོས་མཐུན་ཡོད་པའི་རྟགས་ཡིན།