༄༅། །ཐེ་སཱ་ལོ་ནེ་ཀེ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་དང་པོ།
ཐེ་སཱ་ལོ་ནེ་ཀེ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཕོལ་ལོལ་ཐེངས་གཉིས་པར་ཆོས་སྤེལ་དུ་ཕྱིན་པའི་སྐབས་སུ་ཐེ་སཱ་ལོ་ནེ་ཀེ་གྲོང་ཁྱེར་དུ་ཆོས་ཚོགས་ཚུགས་པ་རེད། ཁོང་གིས་ཐེ་སཱ་ལོ་ནེ་ཀེ་གྲོང་ཁྱེར་དུ་བདུན་ཕྲག་གསུམ་གྱི་རིང་ལ་ཆོས་འཆད་ནས་བཞུགས་སྐབས་སུ། ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་ལ་འགོག་རྒོལ་བྱས་པས་ཁོང་ཡུལ་དེ་ནས་གློ་བུར་གྱེས་དགོས་པ་བྱུང་སོང་། སྐབས་དེར་དད་ལྡན་རྣམས་ལ་ཕྱི་རོལ་པའི་ཆོས་ལུགས་ལས་བཙན་གནོན་ཐེབས་པ་དང་རྒྱབ་སྐྱོར་བྱེད་མཁན་མེད་པར་གྱུར། དེ་བས་ཕོལ་ལོལ་གྱིས་དེ་རྣམས་ཀྱི་དད་སེམས་སྲ་བརྟན་དུ་གཏོང་བ་དང་། བློ་སྟོབས་འཕེལ་བའི་ཆེད་དུ་འཕྲིན་ཡིག་འདི་བྲིས་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
ཕྱི་ནང་གཉིས་ཀྱི་རྒྱུ་མཚན་གང་ནས་བལྟས་ཀྱང་ཐེ་སཱ་ལོ་ནེ་ཀེ་པའི་འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་ཕོལ་ལོལ་ཡིན་ལ། དེའི་ལོ་ཚིགས་ནི་སྤྱི་ལོ་51ལོའི་ཡས་མས་ཡིན་པ་དང་། ག་ལད་ཡཱ་པའི་འཕྲིན་ཡིག་ནི་སྤྱི་ལོ་48ལོ་ནས་49ལོའི་བར་དུ་བྱུང་བའི་ལོ་ཚུགས་དེ་ཁས་མ་བླངས་ན། ཐེ་སཱ་ལོ་ནེ་ཀེ་པའི་འཕྲིག་ཡིག་དང་པོ་འདི་ནི་ཕོལ་ལོལ་གྱིས་བྲིས་པའི་འཕྲིན་ཡིག་ཆེས་སྔ་མ་ཡིན་པར་བརྗོད།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་འདི་ལ་བརྗོད་བྱ་སྣ་ཚོགས་ཡོད་ནའང་། ཐེ་སཱ་ལོ་ནེ་ཀེ་པའི་འཕྲིན་ཡིག་དང་པོ་དང་གཉིས་པ་གང་ཡིན་རུང་དུས་ཀྱི་མཐའ་མའི་སྐོར་གྱི་བརྗོད་གཞི་འབུར་དུ་བཏོད་ཡོད། ཐེ་སཱ་ལོ་ནེ་ཀེ་པ་དང་པོའི་ལེའུ་རེ་རེའི་མཐའ་མར་སྐྱབས་མགོན་ཡེ་ཤུ་ཐེངས་གཉིས་པར་འབྱོན་པའི་སྐོར་གསུངས་ཡོད་པ་དང་། ལྷག་པར་དུ་ལེའུ་བཞི་པ་རུ་དུས་ཀྱི་མཐའ་མའི་སྐོར་ནན་གྱིས་གསུངས་ཡོད། དེ་ལྟར་ཁོང་ཉིད་ཡང་བསྐྱར་འབྱོན་པའི་གནས་ཚུལ་དེ་འཕྲིན་ཡིག་ཡོངས་སུ་ཁྱབ་པས། སྐྱབས་མགོན་ཡེ་ཤུ་ཡང་བསྐྱར་འབྱོན་པ་ནི་འཕྲིན་ཡིག་འདིའི་བརྗོད་བྱའི་སྙིང་པོ་ཡིན།
འཆར་ཟིན།
1. ཁམས་འདྲི་དང་བཀའ་དྲིན་ཞུ་བ། ༼1:1-10༽
2. ཕོལ་ལོལ་དད་ལྡན་རྣམས་ལ་འཕྲད་འདོད་ཀྱང་ཁོང་ཉིད་སླར་ཡང་ཕེབས་མ་ཐུབ་པའི་སྐོར། ༼2:1-3:13༽
3. སྐུལ་མ་གཏོང་བ། ༼4:1-5:22༽
ཀ དཀོན་མཆོག་ཐུགས་དགྱེས་པའི་ཆེད་དུ་སྲོག་འཚོ་བ། ༼4:1-12༽
ཁ། སྐྱབས་མགོན་ཡེ་ཤུ་ཕྱིར་འཇིག་རྟེན་ཏུ་ཕེབས་ངེས་པའི་སྐོར། ༼4:13-5:11༽
ག ཕན་ཚུན་འགྲིག་མཐུན་ཡོང་དགོས་པའི་སྐུལ་སློང་། ༼5:12-22༽
4. མཇུག་མཐའི་གདམས་པ། ༼5:23-28༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
དེ་ཡང་ཕོལ་ལོལ་བདག་དང་སིལ་ཝ་ནཱ། ཐི་མོ་ཐེ་བཅས་ནས་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་དུ་ཡོད་པའི་ཐེ་སཱ་ལོ་ནེ་ཀེ་པ་རྣམས་ཀྱི་ཆོས་ཚོགས་ལ་འཕྲིན་ཡིག་སྤྲིངས་པ་འདི་ལྟ༌སྟེ། ཐུགས་རྗེ་དང་ཞི་བདེ་ཁྱོད་རྣམས་ལ་གནང་བར༌སྨོན།
དཀོན་མཆོག་ལ་བཀའ་དྲིན་ཞུ༌བ།
ངེད་ཅག་གིས་ཁྱོད་རྣམས་ཐམས་ཅད་ཀྱི་ཆེད༌དུ། རྟག་ཏུ་དཀོན་མཆོག་ལ་བཀའ་དྲིན་ཞུས༌ཤིང༌། གསོལ་བ་འདེབས་པའི་དུས་སུའང་ཁྱོད་རྣམས་གླེང་བ༌དང༌། བདག་ཅག་གི་ཡབ་དཀོན་མཆོག་གི་དྲུང་དུ་ཁྱོད་རྣམས་ཀྱིས་དད་སེམས་ལ་བརྟེན་ནས་བྱས་པའི་ལས༌དང༌། བྱམས་པ་ལ་བརྟེན་ནས་མྱངས་པའི་ངལ་དུབ། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁོང་ཉིད་ལ་རེ་སྨོན་བྱེད་པར་བརྟེན་ནས་བཅངས་པའི་བཟོད་བསྲན་བཅས་རྒྱུན་ཆད་མེད་པར་དྲན༌ཏོ།།
དཀོན་མཆོག་གིས་གཅེས་སུ་འཛིན་པའི་སྤུན་ཟླ༌རྣམས། ངེད་ཅག་གིས་ཁྱོད་རྣམས་ནི་ཁོང་གིས་བདམས་པ་ཡིན་པ་ཤེས་སོ།། རྒྱུ་མཚན་ནི་དེ་སྔར་ངེད་རྣམས་ཀྱིས་ཁྱོད་ཅག་ལ་འཕྲིན་བཟང་བསྒྲགས་པ་ནི་གཏམ་ཁོ་ནར་རག་ལས་པ་མ་ཡིན༌པར། དབང་དང་དམ་པའི་ཐུགས༌ཉིད། དད་སེམས་ཆེན་པོ་བཅས་ལའང་རག་ལས་པའི་ཕྱིར༌རོ།། དེ་ནི་ངེད་རྣམས་ཀྱིས་ཁྱོད་ཅག་གི་དོན་དུ་ཅི་ལྟར་བྱས་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་གསལ་ལྟར་ཡིན་ནོ།། གཞན༌ཡང༌། དཀའ་སྡུག་ཆེན་པོའི་ཁྲོད་དུ་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་གནང་བའི་དགའ་སྤྲོ་ཐོབ་པ༌དང༌། འཕྲིན་བཟང་དང་དུ་བླངས་ནས་ངེད་ཅག་དང་གཙོ་བོ་ལ་ལད་མོ་བྱས༌ཤིང༌། ཐ་ན་ཁྱོད་རྣམས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་གྱི་དད་ལྡན་ཐམས་ཅད་ཀྱི་མིག་དཔེ་རུ་གྱུར་པའོ།། ཅིའི་ཕྱིར་ཞེ་ན། གཙོ་བོའི་བཀའ་ནི་ཁྱོད་ཅག་གི་ཁྲོད་ནས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་དུ་བསྒྲགས་པར་མ༌ཟད། ཁྱོད་རྣམས་ཀྱིས་དཀོན་མཆོག་ལ་དད་པ་བྱས་པའི་གཏམ་དེའང་ཡུལ་ཐམས་ཅད་ལ་ཁྱབ་འདུག་པས་ངེད་རྣམས་ཀྱིས་ཅི་ཡང་སྨྲ་མི་དགོས་པའི་ཕྱིར༌ཏེ། ཁོ་རྣམས་ཀྱིས་ཀྱང་ཁྱོད་ཅག་གིས་ངེད་རྣམས་ལ་ཇི་ལྟར་བསུ་བ་བྱས་པ༌དང༌། ཁྱོད་ཅག་གིས་བདེན་ཞིང་གསོན་པོར་བཞུགས་པའི་དཀོན་མཆོག་ལ་ཞབས་ཕྱི་བསྒྲུབ་པའི་ཆེད༌དུ། ཇི་ལྟར་ལྷ་སྐུ་སྤངས་ནས་དཀོན་མཆོག་གི་ཕྱོགས་སུ་འཁོར་བ༌དང༌། 10 ཁྱོད་ཅག་གིས་ཀྱང་ཁོང་གི་སྲས་དེ་ཉིད་ནམ་མཁའི་ཞིང་ཁམས་ནས་འབྱོན་པར་སྒུག་པ་ཡིན་སྨྲས་པའི་ཕྱིར༌རོ།། དེ་ནི་དཀོན་མཆོག་གིས་རང་ཉིད་ཀྱི་སྲས་གྲོངས་པ་ནས་སླར་གསོན་པར་མཛད༌ཅིང༌། བདག་ཅག་མ་འོངས་པའི་ཐུགས་ཁྲོ་ལས་སྐྱོབ་པར་འགྱུར་བའི་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡིན༌ནོ།།