ལེའུ་ཉེར་བདུན་པ།
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ།
1 ཡོ་ཐམ་རྒྱལ་པོར་བཞུགས་དུས་སུ་དགུང་ལོ་ཉེར་ལྔ་ཡིན་པ་དང་། ལོ་བཅུ་དྲུག་གི་རིང་ལ་ཡེ་རུ་སཱ་ལེམ་དུ་རྒྱལ་སྲིད་བསྐྱངས། ཁོང་གི་ཡུམ་གྱི་མིང་ལ་ཡེ་རུ་ཤཱ་ཟེར་ཏེ། ཟཱ་ཏོག་གི་སྲས་མོ་ཡིན་ནོ། ། 2 ཡོ་ཐམ་གྱིས་ཡབ་ཨུ་ཟི་ཡཱས་ཅི་མཛད་པ་བཞིན་དུ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད་ནའང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ནང་དུ་མ་འཛུལ། མི་རྣམས་ཀྱིས་ད་དུང་ངན་པའི་ལས་བྱས་པ་རེད། 3 ཡོ་ཐམ་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རྟ་སྒོ་གོང་མ་བརྩིགས་ཏེ། ཨོ་ཕེལ་གྱི་ལྕགས་རིའི་ཁར་ཡང་མཁར་ལས་མང་པོ་བཏང་། 4 ཡ་ཧུ་དཱའི་རི་ཁུལ་དུ་གྲོང་ཁྱེར་རྣམས་བཙུགས་ཏེ། ནགས་གསེབ་ཏུའང་མཁར་དང་སོ་ལྟའི་མཁར་རྣམས་བཞེངས། 5 ཡང་ཡོ་ཐམ་གྱིས་ཨམ་མོན་པའི་རྒྱལ་པོ་ལ་དམག་འཐབ་ནས་རྒྱལ་བས། ཨམ་མོན་པས་ཁོང་ལ་ལོ་དེར་དངུལ་རྡོ་ཚད་བརྒྱ་དང་། གྲོ་ཁལ་ཆིག་ཁྲི་དང་། ནས་ཁལ་ཆིག་ཁྲི་ཕུལ་བ་དང་། ལོ་གཉིས་པ་དང་གསུམ་པ་ལ་ཡང་དེ་ལྟར་ཕུལ། 6 ཡོ་ཐམ་གྱིས་རང་གི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད་པས་ཤིན་ཏུ་དར། 7 ཡོ་ཐམ་གྱི་མཛད་རྗེས་གཞན་རྣམས་དང་། དེའི་དམག་འཐབ་ཚུལ་དང་འཕྲིན་ལས་རྣམས་ནི་ཡེས་ར་ཨེལ་དང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་གླེགས་བམ་ནང་དུ་བཀོད་ཡོད། 8 ཁོང་རྒྱལ་པོར་བཞུགས་དུས་སུ་དགུང་ལོ་ཉེར་ལྔ་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ལོ་བཅུ་དྲུག་ལ་རྒྱལ་སྲིད་བསྐྱངས་ནས། 9 ཡོ་ཐམ་རང་གི་ཕ་མེས་དང་མཉམ་དུ་གཟིམས་པ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་དུར་ལ་སྦས་ནས། ཁོང་གི་སྲས་ཨ་ཧ་ཟཱ་ཁོའི་ཚབ་ཏུ་རྒྱལ་པོར་བསྡད་དོ། །