ལེའུ་གཉིས༌པ།
སྤོབས་པ་སྩོལ་བའི་སྐུལ༌མ།
དེ་ལྟར་ཡིན་པས། བདག་གི༌བུ། ཁྱོད་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་ཐུགས་རྗེ་ལ་བརྟེན་ནས་སྤོབས་པ་དང་ལྡན་པར་གྱུར༌ཅིག ཁྱོད་ཀྱིས་དཔང་པོ་བྱེད་མཁན་མང་པོའི་མདུན༌དུ། བདག་གི་ངག་ལས་ཐོས་པའི་བསླབ་བྱ༌དག་ནི། མི་གཞན་ལ་སློབ་སྟོན་བྱེད་ནུས་པ་དང་ཡིད་རྟོན་རུང་བའི་མི་རྣམས་ལའང་བཅོལ་བར༌གྱིས། ཁྱོད་ཀྱིས་མཱ་ཤི་ཀ་ཡེ་ཤུའི་དམག་མི་ཕུལ་བྱུང་ཅན་དང་མཚུངས་པར་བདག་དང་མཉམ་དུ་སྡུག་བསྔལ་མྱང༌དགོས་སོ།། དམག་མི་སུས་ཀྱང་དམག་དཔོན་ཐུགས་དགྱེས་པར་བྱ༌ཆེད། རང་ཉིད་འཇིག་རྟེན་གྱི་བྱ་བའི་ནང་དུ་ལྷུང་བར་མི་བྱེད། ཡང་སུ་ཞིག་གིས་ལུས་རྩལ་འགྲན་བསྡུར་བྱེད༌སྐབས། སྒྲིག་ལམ་བཞིན་དུ་འགྲན་བསྡུར་མ་བྱས་ན་དེ་ལ་རྒྱལ་ཁའི་ཅོད་པན་མི་འཐོབ་བོ།། ཡང་ལུས་ཤུགས་ངལ་རྩོལ་བྱེད་པའི་ཞིང་པ་ལ་ཐོག་མར་འབྲུ་རིགས་ཀྱི་སྐལ་བ་འཐོབ་འོས། གཙོ་བོས་ཁྱོད་ལ་དོན་ཀུན་རྟོགས་པའི་བློ་རིག་གནང་ངེས༌པས། བདག་གིས་སྨྲས་པ་རྣམས་ལ་ཁྱོད་ཀྱིས་ཀྱང་བསམ་མནོ་གཏོང་བར༌གྱིས།
ཁྱོད་ཀྱིས་ཡེ་ཤུ་མཱ་ཤི་ཀ་ཡིད་ལ་གཟུང་བར་བྱའོ།། བདག་གིས་སྒྲོག་པའི་འཕྲིན་བཟང་བཞིན། ཁོང་ནི་དཱ་བིད་ཀྱི་གདུང་རྒྱུད་ཡིན་ཞིང་སྐུ་གྲོངས་པ་ནས་སླར་གསོན་པ༌དེ་ཡིན། འཕྲིན་བཟང་འདིའི་ཆེད་དུ་བདག་གིས་སྡུག་བསྔལ་མྱོང་བ་དང༌། ཐ་ན་ང་རང་ཉེས་ཅན་བཞིན་དུ་ལྕགས་སྒྲོག་གིས་ཀྱང་བཀྱིགས་མོད། འོན་ཀྱང་དཀོན་མཆོག་གི་བཀའ་ནི་འཁྱིག་མི་ཐུབ་བོ།། 10 དེའི༌ཕྱིར། བདམས་པའི་མི་རྣམས་ཀྱི་ཆེད༌དུ། བདག་གིས་དོན་ཀུན་ལ་བཟོད་བསྲན་བྱེད་བཞིན་ཡོད༌དེ། མི་དེ་རྣམས་ལའང་མཱ་ཤི་ཀ༌ཡེ་ཤུའི་ནང་དུ་ཡོད་པའི་ཐར་པ་དང་མཐའ་མེད་པའི་གཟི་བརྗིད་འཐོབ་པའི་ཕྱིར༌རོ།། 11 དེ་ལ་ཡིད་རྟོན་རུང་བའི་གཏམ་ཞིག་ཡོད་པ་འདི་ལྟ༌སྟེ།
བདག་ཅག་ཁོང་དང་ལྷན་ཅིག་གྲོངས་པས༌ན།།
ཁོང་དང་ལྷན་དུ་གསོན་པ་གདོན་མི༌ཟ།།
12 བདག་ཅག་གིས་ཀྱང་བཟོད་བསྲན་བྱེད་ནུས༌ན།།
ཁོང་དང་ལྷན་ཅིག་རྒྱལ་སྲིད་བསྐྱང་བར༌འགྱུར།།
བདག་ཅག་ཁོང་ལ་ངོ་ལོག་བྱས་གྱུར༌ན།།
ཁོང་གིས་བདག་ཅག་ཁས་ལེན་མི་མཛད་དོ།།
13 བདག་ཅག་ཁ་བཤད་ཚིག་ལ་མི་གནས༌ཀྱང་།།
ཁོང་ནི་རང་ཚིག་སྔ་ཕྱི་འགལ་མིན་པས༎
སྔར་བཞིན་རང་གི་གསུང་ལ་གནས་པར༌འགྱུར།།
ཞེས༌པའོ།།
དཀོན་མཆོག་ཐུགས་མཉེས་པའི་བཟོ་བ།
14 ཁྱོད་ཀྱིས་མི་གཞན་རྣམས་ལ་གོང་གི་དོན་དེ་དག་དྲན་སྐུལ་བྱོས། དཀོན་མཆོག་གི་སྤྱན་སྔར་ཁོ་རྣམས་ལ་ཚིག་རྩོད་མི་བྱེད་པའི་བཀའ་བསྒོ་བར་གྱིས། ཚིག་རྩོད་ཙམ་ལ་ཕན་པ་ཅི་ཡང་མེད་པ་དང་ཉན་མཁན་རྣམས་ཀྱི་སེམས་བརླག་པར་བྱེད་པའི་རྒྱུ་ཁོ༌ན་ཡིན་ནོ།། 15 ཁྱོད་ཀྱིས་དཀོན་མཆོག་གི་དྲུང་དུ་ཚོད་བགམ་ཐེག་པའི་མི་ཞིག་སྟེ། ངོ་གནོང་མི་དགོས་པའི་བཟོ་བ་ཞིག་བྱེད་པ་དང་། བདེན་པའི་བཀའ་ཡང་དག་པར་སྟོན་པ་ལ་བརྩོན་པར་བྱའོ།། 16 འཇིག་རྟེན་གྱི་སྙིང་པོ་མེད་པའི་འཆལ་གཏམ་གྱིས་སྔར་ལས་ཀྱང་དད་གུས་མེད་པའི་གནས་སུ་འདྲེན་པར་བྱེད༌པས། ཁྱོད་ནི་དེ་དག་དང་རིང་དུ་འབྲལ་བར༌གྱིས། 17 མི་དེ་དག་གི་གཏམ་ནི་འདྲུལ་ནད་དང་མཚུངས་པར་ཚབས་ཆེན་དུ་འགྲོ༌ཞིང༌། མི་དེ་དག་གི་ཁྲོད་དུ་ཧི་མེ་ནཱ་ཡུ་དང་ཕི་ལེ་ཏི་གཉིས་ཀྱང་ཡོད༌ལ། 18 ཁོ་གཉིས་བདེན་པ་ཉིད་དང་བྲལ་ཞིང་སླར་གསོན་པར་འགྱུར་བའི་དོན་ནི་འདས་ཟིན་པ་ཡིན་ཞེས་སྨྲས་ནས་མི་ཁ་ཤས་ཀྱི་དད་པར་གནོད་བསྐྱལ་ཏོ།། 19 འོན་ཀྱང༌། དཀོན་མཆོག་གི་རྨང་གཞི་བརྟན་པོ་དེ་ནི་བཙུགས་ཟིན༌ཅིང༌། དེའི་སྟེང་དུ་རྟགས་མཚན་ཡང་འདི་ལྟར་བཀོད་ཡོད༌དེ། གཙོ་བོས་སུ་ཞིག་རང་ཉིད་ཀྱི་མི་ཡིན་པ་མཁྱེན་ནོ་ཞེས༌དང༌། ཡང་གཙོ་བོའི་མཚན་བརྗོད་མཁན་ཐམས་ཅད་ནི་ལས་ངན་པ་དང་ཁ་འབྲལ་དགོས་ཞེས༌པའོ།།
20 ཕྱུག་པོའི་ཁང་ཆེན་དུ་གསེར་སྣོད་དང་དངུལ་སྣོད་ལས༌གཞན། ཤིང་སྣོད་དང་རྫ་སྣོད་ཀྱང་ཡོད༌དེ། ལ་ལ་ནི་མཆོག་ཏུ་བཀོལ་ཞིང་ལ་ལ་ནི་དམན་པར་བཀོལ༌བ་ཡིན་ནོ།། 21 དེ་བཞིན་དུ། སུ་ཞིག་གིས་རང་ཉིད་གཙང་མར་བཟུང་སྟེ་དམན་པའི་དོན་རྣམས་སྤངས༌ན། སྣོད་མཆོག་ཏུ་འགྱུར་ངེས་ཤིང༌། དམ་པར་མཛད༌པ་དང་། བདག་པོ་ལ་ཕན༌པ། ལས་བཟང་པོའི་རིགས་ཐམས་ཅད་བསྒྲུབ་པར་སྟ་གོན་བྱས་ཟིན་པའོ།།
22 ཡང་ཁྱོད་ཀྱིས་ན་གཞོན་གྱི་འདོད་ཆགས་སྤངས༌ཏེ། བསམ་པ་རྣམ་དག་གིས་གཙོ་བོ་ལ་གསོལ་བ་འདེབས་མཁན་རྣམས་དང་ལྷན་ཅིག་དྲང་བདེན་དང༌། དད༌པ། བྱམས༌པ། ཞི་བདེ་བཅས་ལ་བརྩོན་པར༌གྱིས། 23 བླུན་ཞིང་རྨོངས་པའི་ཁ་རྩོད་ཀྱིས་རྩོད་གཞི་སློང་བ་ཁྱོད་ཀྱིས་ཤེས་པས་དོན་དེའི་རིགས་རྩ་བ་ནས་སྤང་དགོས་སོ།། 24 གཙོ་བོའི་ཞབས་ཕྱི་པ་རྣམས་ཀྱིས་ཁ་རྩོད་ཚིག་རྩོད་མི་བྱེད༌པར། མི་ཐམས་ཅད་ལ་ཞི་བའི་རྣམ་འགྱུར་འཛིན་པ༌དང༌། སློབ་སྟོན་བྱེད་ནུས༌པ། བཟོད་བསྲན་ཡོད་པར་བྱ་དགོས་ཤིང༌། 25 ཞི་འཇམ་གྱི་ངང་ནས་ངོ་རྒོལ་བྱེད་མཁན་ལ་ཁ་ཏ་བྱེད་དགོས། དཀོན་མཆོག་གིས་ཁོ་རྣམས་ལ་འགྱོད་བཤགས་ཀྱི་སེམས་གནང་སྲིད༌ཅིང༌། དེ་དག་གིས་ཀྱང་བདེན་པ་ཉིད་རྟོགས་པར་འགྱུར་བ༌དང༌། 26 བདུད་ཀྱིས་རང་དགར་བཟུང་ཡོད་ནའང་ཁོ་རྣམས་གོ་རྟོགས་སད་ནས་བདུད་ཀྱི་རྙི་རྒྱ་ལས་ཐར་བར་འགྱུར༌རོ།།