ལེའུ་བཞི་པ།
ཡེ་རུ་སཱ་ལེམ་གྱི་མཐའ་རུ་བསྐོར་བའི་རྟགས།
1 ཀྱེ་མིའི་བུ། ཁྱོད་ཀྱིས་སོ་ཕག་ཅིག་བླངས་ཏེ་རང་གི་མདུན་དུ་ཞོག་དང་། དེའི་སྟེང་དུ་ཡེ་རུ་སཱ་ལེམ་མཚོན་བྱེད་ཀྱི་གྲོང་ཁྱེར་ཞིག་རྐོས་ཤིག 2 དེ་ནས་མཁར་གྱི་མཐའ་བསྐོར་བའི་སྒྲིག་བཀོད་རྣམས་ཞོག་དང་། གྲོང་ཁྱེར་བསྐོར་བའི་མཁར་མཐོན་པོ་དང་། གྲོང་ཁྱེར་ལ་རྒོལ་བའི་ས་རགས་བརྩིགས་ཏེ་དམག་སྒར་བསྒྲིགས་ནས། ཕྱོགས་བཞི་རུ་མཁར་གཏོར་བའི་གདུང་མ་ཚུགས་ཤིག 3 ཡང་ཁྱོད་ཀྱིས་ལྕགས་ཀྱི་སླ་ང་ཞིག་བླངས་ནས་ཁྱོད་དང་གྲོང་ཁྱེར་གཉིས་ཀྱི་བར་དུ་ཞོག་ལ་ལྕགས་ཀྱི་མཁར་དུ་བྱོས་ཤིག གྲོང་ཁྱེར་བསྐོར་བ་མཚོན་བྱེད་དུ་ཁྱོད་རང་གྲོང་ཁྱེར་གྱི་ཕྱོགས་སུ་འཁོར་དང་། ཁྱོད་ནི་གྲོང་ཁྱེར་དེ་ལ་རྒོལ་ནས་སྐོར་མཁན་ཡིན་པ་དང་། དེ་ནི་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སྔ་ལྟས་སུ་འགྱུར་རོ། ། 4 དེ་ནས་ཁྱོད་རང་གཡོན་ཕྱོགས་སུ་འཁོར་ནས་ཉལ་ཏེ། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སྡིག་པ་ཁུར་ཞིག་དང་། ཁྱོད་རང་གཡོན་ཕྱོགས་སུ་འཁོར་ནས་ཉིན་ག་ཚོད་ལ་ཉལ་ན། ཁོ་ཚོའི་སྡིག་པ་ཡང་ཁྱོད་ཀྱིས་དེ་ཙམ་དུ་ཁུར་བ་ཡིན་ནོ། ། 5 ངས་ཁྱོད་ལ་ཉིན་སུམ་བརྒྱ་དང་དགུ་བཅུ་གཏན་འཁེལ་བྱས་ཤིང་། དེ་ནི་ཁོ་ཚོས་ཉེས་པ་བསགས་པའི་ལོ་གྲངས་དང་མཉམ་ཞིང་། ཉིན་འདི་དག་གི་ནང་དུ་ཁྱོད་ཀྱིས་ཡེས་ར་ཨེལ་གྱི་སྡིག་པ་འཁུར་དགོས། 6 དུས་དེ་ལོངས་པའི་རྗེས་སུ་ཡང་ཁྱོད་རང་གཡས་ཕྱོགས་སུ་འཁོར་ཏེ་ཉལ་ནས་ཡ་ཧུ་དཱ་ཁྱིམ་རྒྱུད་ཀྱི་སྡིག་པ་འཁུར་དགོས་ལ། ངས་ཁྱོད་ལ་ཉིན་བཞི་བཅུ་གཏན་འཁེལ་བྱས་པ་སྟེ། ཉིན་གཅིག་ནི་ལོ་གཅིག་ཏུ་བརྩིས་པའོ། ། 7 ཁྱོད་ནི་མཐའ་ནས་བསྐོར་བའི་ཡེ་རུ་སཱ་ལེམ་གྱི་ཕྱོགས་སུ་འཁོར་ཏེ། དཔུང་རྗེན་དུ་བུད་ནས་གྲོང་ཁྱེར་དེ་ལ་རྒོལ་བའི་ལུང་སྟོན་ཅིག 8 ལྟོས་དང་། ཁྱོད་ཀྱིས་གྲོང་ཁྱེར་བསྐོར་བའི་ཉིན་མོ་རྣམས་ལོངས་པའི་བར་དུ། ངས་ཐག་པས་ཁྱོད་བསྡམས་ནས་ཁྱོད་རང་ཁ་ཕྱིར་འཁོར་མི་ནུས་པར་བྱའོ། །
གྲོང་ཁྱེར་བསྐོར་ནས་ཟས་ཆད་པའི་མཚོན་བྱེད།
9 ཁྱོད་ཀྱིས་གྲོ་དང་ནས། སྲན་མ། སྲན་དམར། ཁྲེ་ཆུང་། སོ་བ་བཅས་བླངས་ནས་སྣོད་ཅིག་གི་ནང་དུ་བཞག་སྟེ། རང་ཉིད་ལ་བག་ལེབ་སྲེགས་ཤིག་དང་། ཁྱོད་ཟུར་དུ་ལོག་ནས་ཉལ་བའི་ཉིན་སུམ་བརྒྱ་དགུ་བཅུའི་ནང་དུ། ཁྱོད་ཀྱིས་བག་ལེབ་དེ་རྣམས་བཟའ་དགོས། 10 ཡང་ཁྱོད་ཀྱིས་བཟའ་བའི་ཟས་ལ་ཚོད་འཛིན་དགོས་ཏེ། ཉིན་རེར་སྲང་ཉི་ཤུ་ཡིན་པ་དང་དུས་ཚོད་ལྟར་བཟའ་དགོས། 11 ཁྱོད་ཀྱིས་འཐུང་བའི་ཆུ་ལ་ཡང་ཚོད་འཛིན་དགོས་ཏེ། ཉིན་རེར་རྫ་བུམ་གང་གི་དྲུག་ཆའི་གཅིག་ཡིན་ལ་དུས་ཚོད་ལྟར་ཐུངས་ཤིག 12 ཁྱོད་ཀྱིས་ནས་ཕྱེའི་བག་ལེབ་བསྲེགས་མ་བཞིན་དུ་བག་ལེབ་དེ་རྣམས་བཟའ་དགོས་མོད། འོན་ཀྱང་མི་རྣམས་ཀྱི་མདུན་དུ་མི་བྲུན་གྱིས་བསྲེགས་ནས་བཟའ་དགོས་ཞེས་གསུངས་སོ། ། 13 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡེས་ར་ཨེལ་པ་རྣམས་ཀྱིས་ངས་དེ་དག་སྐྲོད་པར་འགྱུར་བའི་ཡུལ་ཁམས་སུའང་དེ་བཞིན་དུ་མི་གཙང་བའི་ཟས་བཟའ་བར་འགྱུར་རོ་ཞེས་གསུངས་པ་དང་། 14 ངས་འདི་ལྟར། ཀྱེ་གཙོ་བོ་ཡ་ཝཱེ་ལགས། གཟིགས་དང་། ངས་ནམ་ཡིན་ཡང་རང་ཉིད་བཙོག་པར་མ་བཟོས་ཏེ། ཆུང་དུས་ནས་ད་བར་དུ་ཤི་ཤ་དང་ཡང་ན་གཅན་གཟན་གྱིས་ཕྲལ་བའི་སྲོག་ཆགས་དང་། མི་གཙང་བའི་ཤ་སོགས་ནི་ནམ་ཡང་ངའི་ཁ་ནང་དུ་སོང་མ་མྱོང་ཞེས་ཞུས་པ་ན། 15 ཁོང་གིས་ང་ལ་འདི་སྐད་དུ། ལྟོས་དང་། ངས་ཁྱོད་ལ་མི་བྲུན་གྱི་ཚབ་ཏུ་བ་གླང་གི་ལྕི་བ་སྦྱིན་པས། ཁྱོད་ཀྱིས་ཨོང་བའི་སྟེང་རང་གི་བག་ལེབ་སྲེགས་ཤིག་ཅེས་གསུངས། 16 ཡང་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ལྟོས་དང་། ངས་ཡེ་རུ་སཱ་ལེམ་གྱི་ཁ་ཟས་གཅོད་པར་འགྱུར་ལ། དེ་ནས་ཁོ་ཚོས་སེམས་ཁྲལ་བྱེད་ཅིང་བགོས་པའི་ཁ་ཟས་སྤྱོད་པ་དང་། དངངས་སྐྲག་གིས་བགོས་པའི་ཆུ་བཏུང་བ་ཡིན། 17 དེ་དག་ལ་བཟའ་བཏུང་དཀོན་པས་མི་རེ་རེ་དངངས་སྐྲག་སྐྱེས་ནས། རང་གི་སྡིག་པའི་རྐྱེན་གྱིས་ལུས་སྟོབས་ཉམས་ཏེ་འཆི་བར་འགྱུར་རོ། །