ལེའུ་བདུན་པ།
མཇུག་འབྲས་སླེབས་ཟིན་པ།
དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། གཙོ་བོ་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་འདི་སྐད་དུ། མཇུག་འབྲས་སླེབས་ཟིན་ཏེ་མཇུག་འབྲས་ཡུལ་ཁམས་འདིའི་ཕྱོགས་བཞིར་སླེབས་ཟིན། ད་ལྟ་མཇུག་འབྲས་དེ་ཁྱོད་ཀྱི་སྟེང་དུ་སླེབས་ཤིང་། ངས་ཁོང་ཁྲོ་དང་བཅས་ཁྱོད་ལ་རྒོལ་ནས་ཁྱོད་ཀྱིས་ཅི་བྱས་བཞིན་ཁྲིམས་གཅོད་ཅིང་། ཁྱོད་ཀྱི་ཞེན་ལོག་གི་དོན་ཐམས་ཅད་བཞིན་དུ་ཁྱོད་ལ་ལན་འཇལ་ལོ། ། ངའི་མིག་གིས་ཁྱོད་ལ་ལྟ་སྐྱོང་མི་བྱེད་ཅིང་། ངས་ཁྱོད་ལ་སྙིང་རྗེ་ཡང་མི་བསྒོམ། ངས་ཁྱོད་ཀྱི་སྤྱོད་པ་བཞིན་དང་ཁྱོད་ཅག་ཁྲོད་ཀྱི་ཞེན་ལོག་གི་དོན་རྣམས་བཞིན་དུ་ཁྱོད་ལ་ལན་འཇལ་ཏེ། དེ་ནས་ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་སོ། ། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། བར་ཆད་དེ་བར་ཆད་ཁྱད་པར་ཅན་དེ་སླེབས་ཟིན། མཇུག་འབྲས་སླེབས་པ་དང་། མཇུག་འབྲས་སླེབས་ནས་ཁྱོད་ཀྱི་དགྲ་རུ་ལངས་པའོ། །ལྟོས་དང་། དེ་ནི་སླེབས་སོ། ། ཀྱེ་ཡུལ་འདིའི་མི་རྣམས། ཁྱོད་ལ་གནོད་འཚེ་ཐེབས་པ་ཡིན། དུས་སུ་སླེབས་པ་དང་ཉི་མ་ཐོན་ལ་ཉེ་སྟེ། དེ་ནི་ཟང་ཟིང་ལང་ལོང་གི་དུས་ཡིན་པ་ལས། རི་མགོ་ནས་དགའ་མགུ་བྱེད་པའི་དུས་མིན་ནོ། ། ད་ནི་མི་འགྱངས་པར་ངས་རང་གི་ཁྲོ་གཏུམ་ཆེན་པོ་ཁྱོད་ཀྱི་སྟེང་དུ་ལྡུག་ཅིང་། ཁྱོད་ལ་ཁོང་ཁྲོ་ལངས་ནས་ཡོངས་སུ་རྫོགས་པར་བྱས་ཏེ། ངས་ཁྱོད་ཀྱི་སྤྱོད་པ་བཞིན་དུ་ཁྱོད་ལ་ཁྲིམས་གཅོད་པ་དང་། ཁྱོད་ཀྱི་ཞེན་ལོག་གི་དོན་ཐམས་ཅད་བཞིན་དུ་ཁྱོད་ལ་ལན་འཇལ་བའོ། ། ངའི་མིག་གིས་ཁྱོད་ལ་ལྟ་སྐྱོང་མི་བྱེད་ལ། ངས་ཁྱོད་ལ་སྙིང་རྗེ་ཡང་མི་བསྒོམ། ངས་ཁྱོད་ཀྱི་སྤྱོད་པ་བཞིན་དང་ཁྱོད་ཅག་ཁྲོད་ཀྱི་ཞེན་ལོག་གི་དོན་རྣམས་བཞིན་དུ་ཁྱོད་ལ་ལན་འཇལ་ཏེ། དེ་ནས་ཁྱོད་ཚོས་རང་ལ་རྒོལ་མཁན་ནི་ཡ་ཝཱེ་བདག་ཡིན་པ་རྟོགས་པར་འགྱུར་རོ། ། 10 ལྟོས་དང་། ཉིན་མོ་དེ་སླེབས་བྱུང་། གནོད་འཚེ་ནི་བྱུང་ཟིན་ལ། དབྱུག་པར་མེ་ཏོག་བཞད་པ་དང་། རློམ་སེམས་ལ་མྱུ་གུ་འབུས་སོ། ། 11 བཙན་ཤུགས་རྒྱས་ནས་ངན་པར་ཉེས་ཆད་གཅོད་བྱེད་དབྱུག་པ་རུ་གྱུར་ཏེ། དེ་རྣམས་ལས་གཅིག་ཀྱང་མི་ལུས་ཏེ། དེ་དག་གི་མི་རྣམས་ལས་གང་ཡང་མི་ལུས་ཤིང་། ཁོ་ཚོའི་རྒྱུ་ནོར་མི་ལུས་ལ། ཁོ་ཚོའི་ནང་དུ་གཟི་དཔལ་ཡང་མེད་དོ། ། 12 དུས་སུ་སླེབས་པ་དང་ཉི་མ་ཐོན་ལ་ཉེ་སྟེ། མི་ཀུན་གྱི་སྟེང་དུ་ཁྲོ་གཏུམ་ཆེན་པོ་འབབ་པར་འགྱུར་བས། ཉོ་མཁན་མ་དགའ་ཞིག འཚོང་མཁན་ཡང་ཡིད་མ་སྐྱོ་ཞིག 13 འཚོང་མཁན་དེ་གསོན་པོར་ལུས་ཀྱང་བཙོང་ཟིན་པའི་ནོར་ནི་ཕྱིར་མི་འཐོབ། གང་ལ་ཞེ་ན། མི་ཀུན་དང་འབྲེལ་བའི་ཞལ་གཟིགས་འདི་ལ་འགྱུར་བ་མེད་དེ། སྡིག་པའི་དབང་གིས་སུས་ཀྱང་རང་སྲོག་སྐྱོབ་མི་ནུས་སོ། །
དཀོན་མཆོག་གི་ཐུགས་ཁྲོ་དང་ཉེས་ཆད།
14 དེ་དག་གིས་དུང་བུས་ཏེ་ཡོད་ཚད་གྲ་སྒྲིག་བྱས་ཀྱང་དམག་ལ་འགྲོ་མཁན་མེད་དེ། གང་ལ་ཞེ་ན། ངའི་ཁོང་ཁྲོ་ནི་མི་ཀུན་གྱི་སྟེང་དུ་འབབ་པར་འགྱུར་བས་སོ། ། 15 གྲོང་ཁྱེར་གྱི་ཕྱི་རོལ་ཏུ་རལ་གྲི་དང་། ནང་རོལ་ཏུ་རིམས་ནད་དང་མུ་གེ་ཡོད་པས། ཐང་དུ་ཡོད་པ་དེ་རལ་གྲིའི་འོག་ཏུ་འཆི་ཞིང་། གྲོང་ཁྱེར་ནང་དུ་ཡོད་པ་དེ་མུ་གེ་དང་རིམས་ནད་ཀྱིས་ཁྱུར་མིད་གཏོང་བར་འགྱུར་རོ། ། 16 དེ་དག་ལས་ཐར་བ་རྣམས་ནི་རང་གི་སྡིག་པའི་དབང་གིས་རི་ལ་བསྡད་དེ་ངུ་ཞིང་། ལུང་པའི་ཕུག་རོན་བཞིན་དུ་ངུ་སྒྲ་འདོན་པར་འགྱུར། 17 དེ་དག་གི་ལག་པ་ཡོད་ཚད་འདར་ཞིང་། པུས་མོ་རེ་རེ་ཆུ་ལྟར་མཉེན་པར་འགྱུར། 18 དེ་དག་གི་རྐེད་པར་རྩིད་རས་དཀྲི་བ་དང་། འཇིགས་པ་དེ་དག་ལ་ཁྱབ་པར་འགྱུར་ཞིང་། ཚང་མའི་གདོང་ལ་ངོ་ཚས་བཀང་ནས་ཀུན་གྱི་མགོ་ནི་སྤྱི་ཐེར་དུ་འགྱུར། 19 དེ་དག་གིས་རང་གི་དངུལ་རྣམས་ལམ་སྲང་དུ་གཡུག་ཅིང་། རང་གི་གསེར་ནི་མི་གཙང་བར་བརྩི་བ་ཡིན་ལ། དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོའི་ཉིན་མོ་ལ། གསེར་དང་དངུལ་གྱིས་དེ་དག་སྐྱོབ་མི་ནུས་ལ། ཁོ་ཚོ་ཡིད་ཚིམ་པར་ཡང་བྱེད་མི་ནུས་ཏེ། ལྟོ་བའང་འགྲང་བར་མི་འགྱུར། གང་ལ་ཞེ་ན། གསེར་དང་དངུལ་ནི་ཁོ་ཚོ་སྡིག་པའི་ནང་དུ་ལྷུང་བྱེད་ཀྱི་བཀག་རྡོ་རུ་གྱུར་པས་སོ། ། 20 ཁོ་ཚོས་མཛེས་སྡུག་གི་རྒྱན་ཆ་ངོམ་ཞིང་། དེ་ལས་ཞེན་ལོག་གི་སྐུ་འདྲ་རྣམས་བཟོས་པས། ངས་དེ་དག་རྫས་མི་གཙང་བར་བྱེད་ཅིང་། 21 ངས་དེ་དག་ཕྱི་ཕྱོགས་པའི་ལག་ཏུ་སྤྲད་དེ་བཅོམ་ནོར་དུ་བསྒྱུར་བ་དང་། ས་གཞིའི་མི་ངན་རྣམས་ཀྱི་ལག་ཏུ་སྤྲད་དེ་དགྲ་ལས་ཐོབ་པའི་དངོས་རྫས་སུ་འགྱུར་ཞིང་། ཁོ་ཚོས་དངོས་པོ་དེ་དག་བཙོག་པར་བཟོ་ངེས་ཡིན། 22 ང་ཕར་འཁོར་ནས་དེ་ཚོར་མི་བལྟ་ཞིང་། ཁོ་ཚོས་ངའི་དམ་པའི་གནས་བཙོག་པར་བཟོ་བ་དང་། ཇག་རྐུན་རྣམས་ཀྱང་དེར་སོང་ནས་གནས་དེ་བཙོག་པར་བཟོ་བའོ། ། 23 ཡུལ་དེ་ལ་ཁྲག་བཞུར་བའི་ཉེས་ཆད་དང་། གྲོང་ཁྱེར་དེ་ལ་བཙན་ཤུགས་ཀྱིས་ཁེངས་པས། ཁྱོད་ཀྱིས་ལྕགས་སྒྲོག་བཟོས་ཤིག 24 ངས་མི་རིགས་ཀུན་ལས་ཆེས་གདུག་རྩུབ་ཅན་རྣམས་འོངས་ནས་ཁོ་ཚོའི་ཁང་པ་བཙན་བཟུང་བྱེད་དུ་འཇུག་ཅིང་། ཡང་ངས་སྟོབས་འབྱོར་ཅན་གྱི་ང་རྒྱལ་མཚམས་གཅོད་པར་བྱ་སྟེ། དེ་དག་གི་གནས་དམ་པ་རྣམས་བཙོག་པར་བཟོའོ། ། 25 འཇིགས་པ་འོང་དུས་ཁོ་ཚོས་བདེ་བ་འདོད་ཀྱང་འཐོབ་པར་མི་འགྱུར། 26 གནོད་འཚེ་ཁར་གནོད་འཚེ་དང་། སྐད་ངན་ཁར་སྐད་ངན་ནི་མཚམས་མེད་པར་ཐོས་འོང་སྟེ། དེ་ནས་ཁོ་ཚོས་ལུང་སྟོན་པར་ཞལ་གཟིགས་ཞུས་ཀྱང་མཆོད་དཔོན་གྱི་བསླབ་བྱ་དང་རྒན་པོའི་ཁྲིད་སྟོན་བཅས་ཡོད་ཚད་ཆད་པར་འགྱུར་བས། 27 རྒྱལ་པོ་ཡིད་སྐྱོ་ཞིང་། འགོ་དཔོན་གྱིས་མྱ་ངན་གོས་སུ་གྱོན་པ་དང་། ཡུལ་དེའི་མི་རྣམས་ཀྱི་ལག་པ་འདར་བའོ། །ངས་དེ་དག་གི་སྤྱོད་པ་བཞིན་དུ་ལན་འཇལ་ཞིང་། ཁོ་ཚོའི་ཆད་པའི་སྲོལ་ལྟར་དེ་དག་ལ་ཉེས་ཆད་གཅོད་པར་བྱ་སྟེ། དེ་ནས་ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་སོ། །