ལེའུ་སོ་ལྔ་པ།
སེ་ཨིར་ལ་ཉེས་ཆད་ལྕི་མོ་འཕོག་པའི་ལུང་བསྟན།
1 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 2 ཀྱེ་མིའི་བུ། ཁྱོད་སེ་ཨིར་རི་བོའི་ཕྱོགས་སུ་འཁོར་ནས་དེ་ལ་རྒོལ་བའི་ལུང་སྟོན་ཅིག 3 ཁྱོད་ཀྱིས་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་སེ་ཨིར་རི་བོ། ལྟོས་དང་། ངས་ཁྱོད་ནི་དགྲ་རུ་འཛིན་ཏེ། ལག་པ་བརྐྱངས་ནས་ཁྱོད་ལ་རྒོལ་བར་འགྱུར་ཞིང་། ཁྱོད་ནི་མི་མེད་ལུང་སྟོང་དུ་ལུས་པར་བྱ། 4 ངས་ཁྱོད་ཀྱི་གྲོང་ཁྱེར་རྣམས་སྟོངས་སུ་བཅུག་ན་ཁྱོད་ནི་ས་སྟོང་དུ་ལུས་ཤིང་། དེའི་དུས་སུ་ཁྱོད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར། 5 གང་ལ་ཞེ་ན། ཁྱོད་ཀྱི་སེམས་སུ་ནམ་ཡང་ཞེ་སྡང་གིས་ཁེངས་པ་ཡིན་ཏེ། ཡེས་ར་ཨེལ་པ་རྣམས་ལ་གནོད་འཚེ་བྱུང་ཞིང་ཉེས་ཆད་ཕོག་ནས་མཐར་སོན་དུས་ཀྱང་། ཁྱོད་ཀྱིས་ད་དུང་དེ་དག་རལ་གྲིའི་འོག་ཏུ་གཏད་པ་ཡིན། 6 དེ་བས་ན་བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ངས་ཁྱོད་ལ་ཁྲག་བཞུར་བའི་ལན་འཇལ་ཞིང་། ཁྲག་དེས་ཁྱོད་ཀྱི་རྗེས་ནས་འདེད་པར་འགྱུར། གང་ལ་ཞེ་ན། ཁྱོད་ཀྱིས་མི་ལ་ཁྲག་བཞུར་དུ་འཇུག་པར་མ་འཛེམས་པས། ཁྲག་གིས་ཁྱོད་འདེད་པར་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས། 7 ངས་སེ་ཨིར་རི་བོ་ནི་ས་སྟོང་ལུང་སྟོང་དུ་འགྱུར་བར་བྱས་ཏེ། གནས་དེ་རྒྱུ་ནས་འགྲོ་འོང་བྱེད་མཁན་དག་ཚར་དུ་གཅོད་པར་བྱའོ། ། 8 ཡང་ངས་སེ་ཨིར་རི་བོ་རྣམས་ཀྱི་སྟེང་དུ་བསད་པའི་མི་ཡིས་ཁེངས་པར་བྱ་སྟེ། ཁྱོད་ཀྱི་རི་སྒང་དང་ལུང་པ། གྲོག་ཤུར་བཅས་ཐམས་ཅད་ཀྱི་ནང་དུ་རལ་གྲིས་བསད་པ་རྣམས་འགྱེལ་བར་འགྱུར། 9 ངས་ཁྱོད་ནི་ནམ་ཡང་ས་སྟོང་དུ་ལུས་པར་བྱ་སྟེ། ཁྱོད་ཀྱི་གྲོང་ཁྱེར་རྣམས་སུ་འདུག་མཁན་གཅིག་ཀྱང་མེད་པར་གྱུར་ན། ཁྱོད་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་རོ། ། 10 གང་ལ་ཞེ་ན། ཡ་ཝཱེ་ད་དུང་དེར་བཞུགས་བཞིན་དུ་ཁྱོད་ན་རེ། མི་རིགས་འདི་གཉིས་པོ་དང་ཡུལ་ཁམས་འདི་གཉིས་པོ་ང་ལ་གཏོགས་ཤིང་། དེ་དག་ང་ལ་ས་སྐལ་དུ་འཐོབ་པར་འགྱུར་ཞེས་སྨྲས་པས་སོ། ། 11 དེའི་ཕྱིར་བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ཁྱོད་རང་ཞེ་འཁོན་གྱི་དབང་གིས་དེ་དག་ལ་ཁོང་ཁྲོ་ཆེན་པོ་ལངས་པ་དང་ཕྲག་དོག་བྱས་པ་བཞིན་དུ་ངས་ཁྱོད་ལ་ལན་འཇལ་ཞིང་། ངས་ཁྱོད་ལ་ཁྲིམས་གཅོད་པའི་དུས་སུ་དེ་དག་གི་ཁྲོད་དུ་རང་ཉིད་གསལ་པོར་མངོན་ནོ་ཞེས་གཙོ་བོ་ཡ་ཝཱེས་གསུངས། 12 དེ་ནས་ཁྱོད་ཀྱིས་ཡེས་ར་ཨེལ་གྱི་རི་རྣམས་ལ་རྒོལ་བའི་གཏམ་སྨྲས་ཏེ་ན་རེ། རི་འདི་རྣམས་ས་སྟོང་དུ་ལུས་ཤིང་ངེད་ཅག་གིས་མེད་པར་བཟོས་སོ་ཞེས་སྐུར་བ་བཏབ་པ་ཐམས་ཅད་ང་ཡ་ཝཱེས་ཐོས་ཟིན་པ་ཁྱོད་ཀྱིས་རྟོགས་པར་འགྱུར། 13 ཁྱོད་ཚོས་ཁ་ནས་སྒྲོ་འདོགས་ཀྱི་གཏམ་བརྗོད་དེ་ང་ལ་རྒོལ་ཞིང་། གཏམ་མང་པོས་ང་ལ་ངོ་རྒོལ་བྱེད་པ་ངས་ཐོས་བྱུང་། 14 གཙོ་བོ་ཡ་ཝཱེས་འདི་སྐད་དུ། ས་གཞི་ཐམས་ཅད་དགའ་མགུ་རངས་པའི་དུས་སུ་ངས་ཁྱོད་ནི་ས་སྟོང་དུ་ལུས་པར་བྱའོ། ། 15 ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་ས་སྐལ་ས་སྟོང་དུ་ལུས་པའི་རྐྱེན་གྱིས་ཁྱོད་ཅི་ལྟར་དགའ་བ་བཞིན་དུ། ངས་ཀྱང་ཁྱོད་ལ་དེ་ལྟར་ལན་འཇལ་བར་བྱའོ། །ཀྱེ་སེ་ཨིར་རི་བོ། ཁྱོད་དང་ཨེ་དོམ་གྱི་ཡུལ་ཐམས་ཅད་ས་སྟོང་དུ་ལུས་ན། ཁོ་ཚོས་བདག་ནི་དཀོན་མཆོག་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་གསུངས་ཞེས་པའོ་ཞེས་གསུངས་སོ། །