ལེའུ་ཞེ་དྲུག་པ།
རྒྱལ་པོའི་མཆོད་པ་འབུལ་སྲོལ།
གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལས་ཀ་བྱེད་པའི་ཉིན་དྲུག་གི་ནང་དུ། ནང་གི་ཁྱམས་རའི་ཤར་སྒོ་དེ་ངེས་པར་དུ་རྒྱག་དགོས། ཡིན་ནའང་ངལ་གསོ་བའི་ཉིན་མོ་དང་ཚེས་གཅིག་གི་ཉིན་གཉིས་ལ་སྒོ་འབྱེད་དགོས། རྒྱལ་པོ་ནི་ཕྱི་རོལ་ནས་རྒྱ་སྒོ་དེའི་སྒོ་ཁྱམས་བརྒྱུད་དེ་ནང་དུ་སོང་ནས་སྒོ་སྒྲོམ་གྱི་འགྲམ་དུ་ལངས་ནས་འདུག་དགོས་པ་དང་། མཆོད་དཔོན་རྣམས་ཀྱིས་ཁོའི་ཆེད་དུ་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་གྲ་སྒྲིག་བྱེད་དགོས། ཡང་ཁོས་སྒོ་ཐེམ་ཡོད་སར་ཕྱག་བཙལ་ནས་ཕྱི་རོལ་ཏུ་འགྲོ་དགོས་པ་དང་། རྒྱ་སྒོ་འདི་ནི་དགོང་མོའི་བར་དུ་རྒྱག་པར་མི་བྱའོ། ། ངལ་གསོ་བའི་ཉིན་མོ་དང་ཚེས་གཅིག་ལ་ཡུལ་ཁམས་ཀྱི་མི་རྣམས་ཀྱིས་རྒྱ་སྒོ་ཁ་རུ་ཡ་ཝཱེའི་དྲུང་དུ་བསྙེན་བཀུར་འབུལ་དགོས། ངལ་གསོ་བའི་ཉིན་མོར་རྒྱལ་པོས་ཡ་ཝཱེར་འབུལ་བྱའི་སྦྱིན་སྲེག་གི་མཆོད་པ་ནི་སྐྱོན་དང་བྲལ་བའི་ལུ་གུ་དྲུག་དང་སྐྱོན་དང་བྲལ་བའི་ལུག་ཐུག་གཅིག་བཅས་ཡིན་ཞིང་། འབུལ་བྱའི་འབྲུ་མཆོད་ནི་འདི་ལྟ་སྟེ། ལུག་ཐུག་ནི་ཕྱེ་བཟང་པོ་ཨེ་ཕཱ་གང་དང་མཉམ་དུ་འབུལ་བ་དང་། ཡང་ལུ་གུ་དེ་དག་དང་མཉམ་དུ་རང་གི་འཛོམས་ཚོད་ལྟར་ཕྱེ་བཟང་པོ་འབུལ་དགོས་ལ། ཕྱེ་བཟང་པོ་ཨེ་ཕཱ་གང་རེའི་ནང་དུ་འཚིར་སྣུམ་རྫ་བུམ་གང་བསྲེ་དགོས། ཡང་ཚེས་གཅིག་གི་ཉིན་མོར་སྐྱོན་དང་བྲལ་བའི་བ་ཕྲུག་གཅིག་དང་། ལུ་གུ་དྲུག་དང་ལུག་ཐུག་གཅིག་བཅས་འབུལ་དགོས་ཏེ། ཐམས་ཅད་སྐྱོན་དང་བྲལ་བ་ཞིག་ཡིན་དགོས། དེས་འབྲུ་མཆོད་ཀྱི་རྫས་རྣམས་གྲ་སྒྲིག་བྱེད་དགོས་ཏེ། གླང་ཐུག་ནི་ཕྱེ་བཟང་པོ་ཨེ་ཕཱ་གང་དང་མཉམ་དུ་འབུལ་བ་དང་། ལུག་ཐུག་ཀྱང་ཕྱེ་བཟང་པོ་ཨེ་ཕཱ་གང་དང་མཉམ་དུ་འབུལ་དགོས་ལ། ཡང་ལུ་གུ་དེ་དག་དང་མཉམ་དུ་རང་གི་འཛོམས་ཚོད་ལྟར་ཕྱེ་བཟང་པོ་འབུལ་དགོས་ཏེ། ཕྱེ་བཟང་པོ་ཨེ་ཕཱ་གང་རེའི་ནང་དུ་འཚིར་སྣུམ་རྫ་བུམ་གང་བསྲེ་དགོས། རྒྱལ་པོ་ནང་དུ་འགྲོ་དུས་སུ་རྒྱ་སྒོ་འདིའི་སྒོ་ཁྱམས་བརྒྱུད་ནས་འཛུལ་དགོས་པ་དང་། ཡང་ལམ་དེ་ནས་ཕྱིར་འགྲོ་དགོས་སོ། །
མི་རྣམས་ཀྱི་མཆོད་པ་འབུལ་སྲོལ།
གཏན་ལ་ཁེལ་བའི་དུས་ཆེན་གྱི་སྐབས་སུ། ཡུལ་ཁམས་ཀྱི་མི་རྣམས་ཡ་ཝཱེའི་དྲུང་དུ་འོང་བའི་དུས་སུ། བྱང་སྒོ་ནས་བསྙེན་བཀུར་ཞུ་བར་འོངས་པ་རྣམས་ལྷོ་སྒོ་ནས་ཕྱི་རུ་འབུད་དགོས་པ་དང་། ལྷོ་སྒོ་ནས་འོངས་པ་རྣམས་བྱང་སྒོ་ནས་ཕྱི་རུ་འབུད་དགོས་ཏེ། མི་སུ་ཡིན་ཡང་རང་ཉིད་ནང་དུ་འཛུལ་སའི་སྒོ་དེ་ནས་ཕྱི་རུ་འབུད་མི་རུང་ལ། ཁ་གཏད་ཀྱི་སྒོ་དེ་ནས་ཕྱི་རུ་འབུད་དགོས་པ་ཡིན། 10 རྒྱལ་པོ་ནི་མི་རྣམས་ཀྱི་ཁྲོད་དུ་ཡོད་དགོས་ཏེ། མི་རྣམས་ཀྱི་ནང་དུ་འགྲོ་དུས་ཁོ་ཡང་མཉམ་དུ་འགྲོ་དགོས་པ་དང་། མི་རྣམས་ཕྱི་རུ་འབུད་དུས་ཁོ་ཡང་ཕྱི་རུ་འབུད་དགོས། 11 གཏན་ལ་ཁེལ་བའི་དུས་ཆེན་གྱི་སྐབས་སུ། འབྲུ་མཆོད་ནི་འདི་ལྟར་འབུལ་དགོས་ཏེ། གླང་ཐུག་རེ་རེ་ཕྱེ་བཟང་པོ་ཨེ་ཕཱ་གང་དང་མཉམ་དུ་འབུལ་བ་དང་། ལུག་ཐུག་རེ་རེ་ཡང་ཕྱེ་བཟང་པོ་ཨེ་ཕཱ་གང་དང་མཉམ་དུ་འབུལ་དགོས་ལ། ཡང་ལུ་གུ་དེ་དག་དང་མཉམ་དུ་རང་གི་འཛོམས་ཚོད་ལྟར་ཕྱེ་བཟང་པོ་འབུལ་དགོས་ཏེ། ཕྱེ་བཟང་པོ་ཨེ་ཕཱ་གང་རེའི་ནང་དུ་འཚིར་སྣུམ་རྫ་བུམ་གང་བསྲེ་དགོས། 12 རྒྱལ་པོས་ཡིད་མོས་མཆོད་པ་འབུལ་བའི་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཡ་ཝཱེར་འབུལ་བའི་དུས་སུ། ཤར་ཕྱོགས་སུ་འཁོར་བའི་རྒྱ་སྒོ་དེ་ཁོའི་ཆེད་དུ་འབྱེད་དགོས་ཤིང་། དེ་ནས་ཁོས་ངལ་གསོ་བའི་ཉིན་མོར་མཆོད་པ་ཕུལ་བ་བཞིན་དུ། རང་གི་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་འབུལ་དགོས། ཁོས་མཆོད་པ་ཕུལ་རྗེས་ཕྱི་རུ་འབུད་དགོས་པ་དང་། ཁོ་ཕྱི་རུ་བུད་རྗེས་རྒྱ་སྒོ་དེ་རྒྱག་དགོས་པའོ། ། 13 ཁྱོད་ཀྱིས་ཉིན་རེར་སྐྱོན་དང་བྲལ་བའི་ལུ་གུ་ལོ་གཅིག་ཅན་ཞིག་གྲ་སྒྲིག་བྱས་ཏེ་ཡ་ཝཱེ་ལ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས་ཏེ། ཞོགས་པ་རེ་རེར་དེ་ལྟར་འབུལ་དགོས། 14 ཡང་ཞོགས་པ་རེ་རེར་དེ་དང་མཉམ་དུ་འབུལ་བའི་འབྲུ་མཆོད་ཀྱང་གྲ་སྒྲིག་བྱེད་དགོས་ཏེ། ཕྱེ་བཟང་པོ་ཨེ་ཕཱ་གང་གི་དྲུག་ཆའི་གཅིག་ལ་འཚིར་སྣུམ་རྫ་བུམ་གང་གི་གསུམ་ཆའི་གཅིག་བསྲེས་ནས། ཡ་ཝཱེ་ལ་རྒྱུན་དུ་འབུལ་བའི་འབྲུ་མཆོད་བྱེད་དགོས་ལ། འདི་ནི་དུས་གཏན་གྱི་རྒྱུན་སྲོལ་ཡིན་པས། 15 ཞོགས་པ་རེ་རེར་འདི་ལྟར་ལུ་གུ་དང་འབྲུ་མཆོད། འཚིར་སྣུམ་བཅས་གྲ་སྒྲིག་བྱས་ཏེ་རྒྱུན་དུ་འབུལ་བའི་སྦྱིན་སྲེག་གི་མཆོད་པར་བྱའོ་ཞེས་གསུངས་སོ། ། 16 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཇི་སྟེ་རྒྱལ་པོས་རང་གི་ནོར་སྐལ་བུ་ལ་གནང་ན། ནོར་སྐལ་དེ་ནི་ཁོའི་བུ་རྣམས་ལ་དབང་ཞིང་། དེ་ནི་ཁོ་ཚོས་རྒྱུན་འཛིན་བྱས་པའི་ནོར་སྐལ་ཡིན་ནོ། ། 17 ཇི་སྟེ་རྒྱལ་པོས་རང་གི་ནོར་སྐལ་ལས་ཆ་ཤས་ཞིག་རང་གི་བློན་འཁོར་ལ་གནང་ན། དེར་རང་དབང་ཐོབ་པའི་ལོ་ * འདིར་རང་དབང་ཐོབ་པའི་ལོ་ཞེས་པ་ནི་བགྲང་བྱ་ལྔ་བཅུ་རེ་ལ་ས་སྐལ་ནི་ཕྱིར་རང་གི་བདག་པོ་ལ་དབང་བ་ཡིན་ཏེ། མི་གཞན་གྱིས་བླངས་པའི་ས་སྐལ་ནི་ཕྱིར་ས་དེའི་བདག་པོར་འཐོབ་དགོས་པ་ཡིན། ཡི་བར་དུ་ནོར་སྐལ་དེ་བློན་འཁོར་ལ་དབང་ཞིང་། དེ་ནས་རྒྱལ་པོར་ཕྱིར་སྤྲོད་དགོས་པ་དང་། རྒྱལ་པོའི་ནོར་སྐལ་ནི་མཐར་རང་གི་བུ་ལ་དབང་དགོས། 18 རྒྱལ་པོས་མི་རྣམས་ཀྱི་ནོར་སྐལ་ཕྲོགས་ནས་དེ་རྣམས་རང་གི་ནོར་སྐལ་ལས་ཕྱིར་སྐྲོད་མི་རུང་ལ། བདག་གི་འབངས་རྣམས་ཁ་འཐོར་དུ་ཕྱིན་ནས་རང་གིས་རྒྱུན་འཛིན་བྱས་པའི་ནོར་སྐལ་དང་མི་འབྲལ་བའི་ཆེད་དུ། ཁོས་རང་གི་ནོར་སྐལ་ལས་རང་གི་བུ་རྣམས་ལ་ས་སྐལ་སྦྱིན་པར་བྱའོ་ཞེས་གསུངས་སོ། །
མཆོད་དཔོན་རྣམས་ཀྱིས་མཆོད་ཤ་བཙོ་བའི་གནས།
19 ང་ཁྲིད་མཁན་དེས་ང་རང་སྒོ་འགྲམ་དུ་ཡོད་པའི་འཇུག་སྒོར་ཁྲིད་ཅིང་། མཆོད་དཔོན་རྣམས་ཀྱིས་སྤྱོད་པའི་གཙང་ཁང་ཁ་བྱང་ལྟ་དེའི་ནང་དུ་སླེབས་པ་ན། རྒྱབ་ལོགས་ཀྱི་ནུབ་ཕྱོགས་སུ་ས་སྟོང་ཞིག་ཡོད་པ་མཐོང་བྱུང་། 20 དེས་ང་ལ་ན་རེ། མཆོད་རྫས་རྣམས་ཁྱམས་ར་ཕྱི་མར་ཁྱེར་ནས་མི་རྣམས་དམ་པར་མི་བྱེད་པའི་ཆེད་དུ། འདི་ནི་མཆོད་དཔོན་རྣམས་ཀྱིས་ཉེས་སེལ་གྱི་མཆོད་པ་དང་སྡིག་བཤགས་ཀྱི་མཆོད་པའི་མཆོད་ཤ་བཙོ་ས་དང་། འབྲུ་མཆོད་བསྲེག་སའང་ཡིན་ཞེས་གསུངས་སོ། ། 21 ཡང་དེས་ང་ཁྱམས་ར་ཕྱི་མར་ཁྲིད་དེ། ང་རང་ཁྱམས་རའི་གྲུ་ཁ་བཞི་པོར་འགྲོ་རུ་བཅུག་སྟེ། ཁྱམས་རའི་གྲུ་ཁ་རེ་རེར་ཁྱམས་ར་ཆུང་ངུ་རེ་ཡོད་པ་མཐོང་བྱུང་། 22 ཁྱམས་རའི་གྲུ་ཁ་བཞི་པོའི་ཁྱམས་ར་ཆུང་ངུ་རྣམས་ཀྱི་ཕྱོགས་བཞི་རུ་རྩིག་པ་ཡོད་ལ། ཁྱམས་ར་རེ་རེའི་རིང་ཚད་ལ་ཁྲུ་བཞི་བཅུ་དང་། ཞེང་ལ་ཁྲུ་སུམ་ཅུ་ཡོད་པ་དང་། གྲུ་ཁ་བཞི་པོའི་ཁྱམས་ར་རྣམས་ཆེ་ཆུང་གཅིག་ཡིན་ནོ། ། 23 ཁྱམས་ར་ཆུང་ངུ་བཞི་པོ་ནང་གི་ཕྱོགས་བཞི་རུ་རྡོའི་རྩིག་པ་རེ་ཡོད་དེ། རྡོའི་རྩིག་པ་བཞི་པོའི་འོག་ཏུ་ཐབ་ཀ་ཡོད་པ་ཡིན། 24 དེས་ང་ལ་ན་རེ། འདི་རྣམས་ནི་ཐབ་ཚང་ཡིན་ཏེ། མཆོད་ཁང་ནང་དུ་ཞབས་ཏོག་སྒྲུབ་མཁན་རྣམས་ཀྱིས་གནས་འདི་རུ་མི་རྣམས་ཀྱི་མཆོད་རྫས་རྣམས་བཙོ་དགོས་ཞེས་གསུངས་སོ། །

*ལེའུ་ཞེ་དྲུག་པ།:17 འདིར་རང་དབང་ཐོབ་པའི་ལོ་ཞེས་པ་ནི་བགྲང་བྱ་ལྔ་བཅུ་རེ་ལ་ས་སྐལ་ནི་ཕྱིར་རང་གི་བདག་པོ་ལ་དབང་བ་ཡིན་ཏེ། མི་གཞན་གྱིས་བླངས་པའི་ས་སྐལ་ནི་ཕྱིར་ས་དེའི་བདག་པོར་འཐོབ་དགོས་པ་ཡིན།