ལེའུ་གསུམ་པ།
ཧ་བཱ་ཁུག་གི་གསོལ་འདེབས།
1 ལུང་སྟོན་པ་ཧ་བཱ་ཁུག་གི་ཤིས་ག་ཡོན་གྱི་དབྱངས་ལ་གྱེར་བའི་གསོལ་འདེབས། 2 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ངས་ཁྱེད་ཀྱི་གསུང་སྐད་ཐོས་པས་འཇིགས་སོ། །ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིན་འདི་དག་གི་ནང་དུ་ཉིད་ཀྱི་མཛད་འཕྲིན་རྣམས་ཡང་བསྐྱར་དར་ཞིང་མངོན་པར་མཛོད་ཅིག ཐུགས་ཁྲོ་བའི་དུས་སུའང་སྙིང་རྗེ་དགོངས་པར་མཛོད། 3 དཀོན་མཆོག་ནི་ཐེ་མཱན་ཡུལ་ནས་ཕེབས་ཤིང་། དམ་པ་ཉིད་ནི་ཕཱ་རན་རི་བོའི་ཕྱོགས་ནས་འོངས་ཏེ། ཁོང་གི་གཟི་བརྗིད་ཀྱིས་ནམ་མཁའ་ཡོངས་སུ་ཁེབས་ཤིང་། ས་གཞི་ཐམས་ཅད་ཁོང་ལ་བསྟོད་པའི་སྒྲ་ཡིས་ཁྱབ་པ་ཡིན། ༼ སེ་ལཱ། ༽ 4 ཁོང་གི་གཟི་བྱིན་ནི་ཉི་འོད་བཞིན་ཡིན་ལ། ཁོང་གི་ཕྱག་ལས་འོད་ཟེར་འཕྲོས་ཤིང་། དེའི་ནང་དུ་ཁོང་གི་ནུས་མཐུ་ཆེན་པོ་སྦས་ཡོད་པ་ཡིན། 5 རིམས་ནད་ཁོང་གི་མདུན་ནས་བརྒྱུད་ཅིང་། ཚ་ནད་ཁོང་གི་ཞབས་འོག་ནས་འབྱུང་བ་ཡིན། 6 ཁོང་ཡར་བཞེངས་དུས་ས་གཞི་ཐམས་ཅད་གཡོ་བ་དང་། ཁོང་གིས་གཟིགས་དུས་མི་རིགས་ཀུན་འདྲོགས་པ་ཡིན། གཏན་གནས་ཀྱི་རི་བོ་རྣམས་བསིལ་བུར་ཐོར་བ་དང་། ཡུན་གནས་ཀྱི་རི་ཕྲན་རྣམས་བརྡིབས་པ་ཡིན། ཁོང་གི་མཛད་པ་རྒྱུན་ནས་རྒྱུན་དུ་གནས། 7 ཀུ་ཤན་ཡུལ་གྱི་གུར་ལ་སྡུག་བསྔལ་འབྱུང་བ་ངས་མཐོང་ཞིང་། མིད་ཡཱན་ཡུལ་གྱི་ཡོལ་བ་འཇིགས་ཤིང་སྐྲག་པར་གྱུར། 8 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཉིད་རང་གི་རྟ་མཆོག་ལ་བཅིབས་ནས། རྒྱལ་ཁ་ཐོབ་པའི་ཤིང་རྟའི་ཁ་ལོ་སྒྱུར་བ་ནི་ཆུ་དང་གཙང་པོར་ཐུགས་ཁྲོས་ཤིང་། ཆུ་དང་གཙང་པོ། རྒྱ་མཚོ་བཅས་ལ་འཁོན་ལན་སློག་པ་ཡིན་ནམ་ཅི། 9 ཁྱེད་ཀྱི་གཞུ་ནི་ཕྱིར་མངོན་ཞིང་། ཁྱེད་ཀྱི་མདའ་རྣམས་གྲ་སྒྲིག་བྱས་ཡོད་ལ། གཙང་པོས་ས་གཞི་གས་སུ་བཅུག ༼ སེ་ལཱ། ༽ 10 རི་བོ་རྣམས་ཀྱིས་ཁྱེད་ཉིད་མཐོང་སྟེ་གཅུ་གྲིམ་བརྒྱབ་པ་དང་། ཆུ་རྒྱུན་དྲག་པོ་བཞུར་ཅིང་། གཡང་གཟར་གྱིས་སྐད་སྒྲ་སྒྲོག་བཞིན་རྦ་རླབས་དྲག་ཏུ་འཕྱུར་བ་ཡིན། 11 ཁྱེད་ཀྱི་མདའ་ནི་འོད་ལྟར་འཕུར་བ་དང་། ཁྱེད་ཀྱི་མདུང་གིས་འོད་འཕྲོས་ཤིང་གཟི་བརྗིད་མངོན་པས་ན། ཉི་ཟླ་གཉིས་ཀའང་རང་གནས་སུ་བསྡད་དོ། ། 12 ཁྱེད་ཀྱི་ཁྲོ་གཏུམ་གྱིས་ས་གཞི་ཡོངས་བརྫིས་ཤིང་། ཁྱེད་ཀྱི་ཐུགས་ཁྲོ་ཡིས་ཚར་མ་རྡུང་བ་ལྟར་ཡུལ་ཁམས་ཐམས་ཅད་ལ་བརྡེགས་པའོ། ། 13 ཁྱེད་ནི་ཉིད་ཀྱི་འབངས་མི་རྣམས་སྒྲོལ་བ་དང་སྣུམ་གྱིས་བྱུགས་པ་དེ་ཉིད་སྐྱོབ་པར་ཕེབས་པ་དང་། ཁྱེད་ཀྱིས་ངན་པའི་ཁྱིམ་བདག་ལ་བརྡུངས་ཏེ་མཆོག་དམན་ཐམས་ཅད་མེད་པར་མཛད་ཅིང་། ༼ སེ་ལཱ། ༽ 14 ཁྱེད་ཀྱིས་དགྲ་ཡི་མདུང་གིས་དེའི་དམག་མིའི་མགོ་ལ་བཙུགས་ཤིང་། དེ་དག་རླུང་དམར་བཞིན་དུ་ངེད་རྣམས་གཏོར་དུ་འོངས་པ་དང་། ཁོ་ཚོ་ནི་ལྐོག་ནས་དབུལ་པོ་རྣམས་མེད་པར་བཟོ་བར་དགའོ། ། 15 ཁྱེད་ཉིད་རྟ་ལ་བཅིབས་ཏེ་རྒྱ་མཚོའི་སྟེང་དུ་བརྒྱུད་པ་ན། རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བའོ། ། 16 ངས་སྒྲ་དེ་ཐོས་མ་ཐག་ལུས་པོ་ཡོངས་སུ་འདར། སྒྲ་དེའི་རྐྱེན་གྱིས་ངའི་མཆུ་སྒྲོས་ཀྱང་འདར་ཞིང་། ངའི་རུས་པ་རྣམས་རུལ་བར་གྱུར་པ་དང་། ངས་རང་ཉིད་ལངས་ནས་འདུག་སར་སྐྲག་སྐྲག་འདར་འདར་ངང་ཡུལ་འདིར་རྒོལ་བའི་མི་རྣམས་ཀྱི་སྟེང་དུ་གནོད་འཚེ་འབྱུང་བའི་ཉིན་མོ་དེ་སླེབས་འོང་བར་ཡུན་གྱིས་སྒུག་གོ །
17 སེ་ཡབ་ཤིང་ལ་མྱུ་གུ་མ་འབུས་ཤིང་། རྒུན་འབྲུམ་ཤིང་ལ་འབྲས་བུ་མ་ཐོགས་པ་དང་། སྐྱུ་རུ་ཤིང་ལས་ཅི་ཡང་མ་ཐོན་པར། ཞིང་ལས་ལོ་ཏོག་ཅི་ཡང་མ་སྨིན་ལ། ལུག་རའི་ལུག་རྣམས་ཚར་དུ་བཅད་ནས་ནི། ཕྱུགས་རའི་ནང་དུ་བ་གླང་ཚར་ནའང་། 18 ང་ནི་དཀོན་མཆོག་ཡ་ཝཱེའི་རྐྱེན་གྱིས་དགའ་ཞིང་། རང་ཉིད་སྐྱོབ་པའི་དཀོན་མཆོག་གི་དབང་གིས་སྤྲོ་བར་འགྱུར། 19 གཙོ་བོ་ཡ་ཝཱེ་ནི་ངའི་སྟོབས་ཤུགས་ཡིན་ཏེ། ཁོང་གིས་ངའི་རྐང་པ་གཉིས་ཀ་ཤ་མོ་བཞིན་དུ་མྱུར་བར་མཛད་དེ་མཐོ་ས་ནས་བསྐྱོད་ཐུབ་པར་གྱུར་ཏོ། །འདི་ནི་དབུ་མཛད་ལ་སྤྲད་པའི་མགུར་མ་རྒྱུད་མང་རོལ་ཆས་སྤེལ༌མ་ཡིན་ནོ།། །།