ལེའུ་ལྔ་པ།
1 ཁྱེད་ཀྱིས་ཞུས་ཀྱང་ཞུས་ལན་འདེབས་མཁན་སུ། ། ཕོ་ཉ་གང་ལ་ཁྱེད་རང་སྐྱབས་སུ་འགྲོ། ། 2 གླེན་པའི་སྲོག་ནི་ཁོང་ཁྲོས་གཅོད་པ་དང་། ། ཕྲག་དོག་གིས་ནི་བློ་རྨོངས་སྲོག་དང་ཕྲལ། ། 3 གླེན་པའི་རྩ་བ་རྒྱས་པ་ངས་མཐོང་ཡང་། ། གློ་བུར་ངས་དེའི་ཁྱིམ་ལ་དམོད་པར་གྱུར། ། 4 དེ་ཡི་བུ་ཕྲུག་བདེ་བར་རིང་དུ་གྱེས། ། མཁར་སྒོར་བརྙས་བཅོས་ཐེབས་ཀྱང་སྒྲོལ་མཁན་མེད། ། 5 དེ་ཡི་སྟོན་ཐོག་བཀྲེས་པ་རྣམས་ཀྱིས་ཟོས། ། ཚེར་མའི་གསེང་དུ་ཡོད་པ་བཏོན་ནས་ཁྱེར། ། འདོད་རྔམ་ཅན་གྱིས་དེ་ཡི་རྒྱུ་ནོར་མིད། ། 6 ས་གཞི་ལས་ནི་སྡུག་བསྔལ་མི་སྐྱེས་ཤིང་། ། ས་རྡུལ་ནང་དུ་དཀའ་སྡུག་མི་འོང་ཡང་། ། 7 མེ་སྟག་ཇི་ལྟར་འཕར་བ་བཞིན། ། མི་ཡང་དཀའ་སྡུག་དོན་དུ་སྐྱེས། ། 8 འོན་ཀྱང་བདག་གིས་དཀོན་མཆོག་ཁོང་བཙལ་ནས། ། རང་གི་དོན་རྣམས་ཁོང་ལ་བཅོལ་བར་བྱ། ། 9 ཁོང་གིས་དོན་ཆེན་བསམ་ལས་འདས་པ་འགོད། ། ངོ་མཚར་རྨད་བྱུང་བགྲང་ལས་འདས་པ་མཛད། ། 10 ཁོང་གིས་ས་གཞིར་ཆར་ཆུ་འབེབ་པ་དང་། ། ས་ཞིང་ལ་ནི་ཆུ་ཡང་གནང་བར་མཛད། ། 11 ཁོང་གིས་ཉམས་ཆུང་རྣམས་ནི་མཐོ་སར་བཀོད། ། སྡུག་བསྔལ་ཅན་ནི་བདེ་བའི་ཕྱོགས་སུ་འདེགས། ། 12 ཟོལ་ཟོག་ཅན་གྱི་ཇུས་རྣམས་འཕུང་འཇུག་པས། ། དེ་དག་ལག་པས་བསམ་དོན་འགྲུབ་མི་ནུས། ། 13 ཤེས་རབ་ཅན་ནི་རང་གི་གཡོ་འོག་ཚུད་དུ་བཅུག ། གཡོ་སྒྱུ་ཅན་གྱི་གྲོས་ནི་མྱུར་ཏུ་སྟོངས་པར་མཛད། ། 14 དེ་དག་ཉིན་མོ་ལ་ཡང་མུན་པར་འཕྲད། ། ཉིན་གུང་ལ་ཡང་མཚན་ལྟར་མུན་ཉུལ་རྒྱག ། 15 ཁོང་གིས་དབུལ་པོ་རྣམས་ནི་དེ་དག་གི ། ཁ་ནས་ཐོན་པའི་རལ་གྲི་ལས་སྐྱོབ་ཅིང་། ། དབང་ཤུགས་ཅན་གྱི་ལག་ནས་ཐར་བར་མཛད། ། 16 དེ་ལྟར་དབུལ་པོ་རྣམས་ལ་རེ་བ་ཡོད། ། སྡིག་སྤྱོད་ཅན་ལ་སྨྲ་བ་ཅི་ཡང་མེད། ། 17 དཀོན་མཆོག་ཉིད་ཀྱིས་བཀའ་བཀྱོན་གནང་བའི་མི་རྣམས་བདེ། ། དེ་བས་ཀུན་དབང་ཁོང་གི་འདུལ་བ་འདོར་མི་བྱ། ། 18 ཁོང་གིས་རྨས་པར་མཛད་ཀྱང་དེ་ནི་དཀྲི། ། སྣད་པར་མཛད་ཀྱང་ཕྱག་གིས་གསོ་ཕྱིར་རོ། ། 19 ཉོན་མོངས་དྲུག་ལས་ཁོང་གིས་ཁྱེད་སྒྲོལ་ཞིང་། ། ལན་བདུན་ནང་དུ་རྐྱེན་ངན་ཁྱེད་མི་འབྱུང་། ། 20 ཁོང་གིས་མུ་གེའི་འཆི་བ་ལས་ཁྱེད་སྒྲོལ། ། འཐབ་མོའི་རལ་གྲི་ལས་ཀྱང་ཁྱེད་རང་སྐྱོབ། ། 21 མི་ཡི་ཁ་དུག་ལས་ནི་ཁྱེད་རང་བསྲུང་། ། གནོད་འཚེ་སླེབས་ཀྱང་ཁྱེད་ལ་འཇིགས་པ་མེད། ། 22 གནོད་འཚེ་དང་ནི་མུ་གེར་ཁྱེད་རང་བཞད་པར་འགྱུར། ། ས་གཞིའི་གཅན་གཟན་ལ་ཡང་ཁྱེད་ནི་འཇིགས་མི་འགྱུར། ། 23 ཞིང་ཁའི་རྡོ་དང་ཁྱེད་ཀྱིས་ཁ་ཆད་འཇོག ། ཐང་གི་གཅན་གཟན་ཁྱེད་དང་འཆམ་པས་སོ། ། 24 ཁྱེད་ཀྱིས་གུར་ཁང་བདེ་བར་གནས་པ་རྟོགས། ། ལུག་རར་བལྟ་དུས་གཅིག་ཀྱང་བོར་བ་མེད། ། 25 ཕྱིས་སུ་ཁྱེད་ཀྱི་བུ་རབས་ཚ་རྒྱུད་རྣམས། ། རྩྭ་སྔོན་བཞིན་དུ་རྒྱས་པ་རྟོགས་པར་འགྱུར། ། 26 རང་གི་དུས་བཞིན་འབྲུ་རིགས་བསྡུ་བ་ལྟར། ། སྐུ་ཚེ་ཚིམ་ནས་སྤུར་ཁང་སླེབ་པར་འགྱུར། ། 27 ང་ཚོས་བརྟགས་པས་གཟིགས་དང་དེ་བཞིན་ལགས། ། ཁྱེད་ཀྱིས་དོན་འདི་རྟོགས་ཤིང་ཐུགས་བསམ་མཛོད། །