ལེའུ་གཉིས་པ།
ཡོ་ནཱས་དཀོན་མཆོག་ཡ་ཝཱེ་ལ་དགོངས་དག་ཞུས་པ།
1 དེ་ནས་ཡོ་ནཱ་ཡིས་ཉའི་ཁོག་པ་ནས་རང་གི་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར་གསོལ་བ་བཏབ་པ་སྟེ།
2 དཀའ་སྡུག་ནང་དུ་ང་ཡིས་ཡ་ཝཱེ་བོས༎
ཁྱེད་ཀྱིས་ང་ལ་ལན་ནི་གནང་བ་ལགས༎
གཤིན་ཡུལ་ཁོག་ནས་ང་ཡིས་ཀུ་ཅོ་བཏོན།།
ཁྱེད་ཀྱིས་ང་ཡི་སྐད་སྒྲ་གསན་པ་ལགས༎
3 ཁྱེད་ཀྱིས་ཁོ་བོ་ཤིན་ཏུ་གཏིང་ཟབ་པའི༎
རྒྱ་མཚོའི་དཀྱིལ་དུ་འཕངས་པར་མཛད་པ་ཡིན༎
ཆུ་རྒྱུན་དེ་ཡིས་ང་རང་བསྐོར་ཅིང་སྐོར༎
ཁྱེད་ཀྱི་རྦ་རླབས་དང་ནི་ཆུ་འཁྲུགས་པ༎
ང་ཡི་སྟེང་དུ་བརྒྱུགས་ཤིང་ང་རང་བསྣུབས༎
4 དེ་ནས་ཁོ་བོས་ཁྱེད་ལ་འདི་ལྟར་ཞུས།།
ང་རང་ཁྱེད་ཀྱི་དྲུང་ནས་བསྐྲད་ན་ཡང་༎
ཁྱེད་ཀྱི་མཆོད་ཁང་དམ་པའི་ཕྱོགས་སུ་ནི༎
ང་ཡིས་སླར་ཡང་བལྟ་དགོས་ཞེས་པ་འོ།།
5 ང་ཡི་སྲོག་ནི་ཆུ་ཡིས་འཆི་ལམ་དྲངས༎
གཏིང་ཟབ་རྒྱ་མཚོས་ཁོ་བོ་བསྐོར་ཅིང་སྐོར༎
མཚོ་རྩྭ་ང་ཡི་མགོ་ལ་དཀྲིས་པར་གྱུར།།
6 ང་རང་ཆུ་ཡི་ནང་དུ་ནུབ་པ་ན།།
ཆུ་འོག་རི་ཡི་ཞབས་སུ་ཁོ་བོ་སོང་།།
ང་ཡི་རྒྱབ་ཕྱོགས་ས་ཡི་སྒོ་རྣམས་ནི༎
གཏན་དུ་བརྒྱབ་པས་ང་ནི་བཙོན་དུ་ཚུད༎
ཡིན་ཡང་ང་ཡི་དཀོན་མཆོག་ཡ་ཝཱེ་ལགས༎
ཁྱེད་ཀྱིས་ང་ཡི་སྲོག་ནི་དུར་ལས་དྲངས༎
7 ཁོ་བོའི་ཚེ་སྲོག་ཉམས་ཤིང་རྒུད་པ་ན།།
ཡ་ཝཱེ་དྲན་ཏེ་བཏབ་པའི་གསོལ་བ་ནི༎
ཁྱེད་ཀྱི་མཆོད་ཁང་དམ་པར་བཞུགས་ཡོད་པའི།།
ཉིད་ཀྱི་དྲུང་དུ་སླེབས་པར་གྱུར་པ་ཡིན།།
8 འཁྲུལ་སྣང་ཙམ་གྱི་ལྷ་སྐུར་བརྟེན་པ་རྣམས༎
བསླུ་མེད་བྱམས་བརྩེ་འཐོབ་པའི་རེ་བ་སྤོང་༎
9 འོན་ཀྱང་ཁོ་བོས་གཏང་རག་སྐད་དང་བཅས༎
ཁྱེད་ཀྱི་དྲུང་དུ་མཆོད་པ་དབུལ་བ་དང་།།
ང་ཡིས་དམ་བཅའ་བཞིན་དུ་བྱེད་པར་བྱ།།
ཐར་པ་ཡ་ཝཱེ་ཉིད་ནས་འབྱུང་ལགས་སོ།། ཞེས་པའོ༎
10 དེ་ནས་དཀོན་མཆོག་ཡ་ཝཱེས་ཉ་ལ་བཀའ་གནང་བ་དང་། ཉ་ཡིས་ཀྱང་ཡོ་ནཱ་ཕྱིར་སྐམ་སར་བསྐྱུགས་པ་ཡིན་ནོ།།