ལེའུ་ཉེར་ལྔ༌པ།
བག་རོགས་བཅུ་ཡི་དཔེ།
དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དུས༌དེར། ནམ་མཁའི་རྒྱལ་སྲིད་ནི་ན་ཆུང་བུ་མོ་བཅུ་ཡིས་སྒྲོན་མེ་བཟུང་ནས་ཕྱི་རུ་མག་པ་བསུ་བར་སོང་བ་དང་འདྲ༌སྟེ། དེ་རྣམས་ལས་ལྔ་ནི་བླུན་ཞིང་ལྔ་ནི་མཛངས་མ༌ཡིན། བླུན་མོ་རྣམས་ཀྱིས་སྒྲོན་མེ་བཟུང་ཡང་སྣུམ་མ་ཁྱེར༌ཏོ།། འོན༌ཀྱང༌། མཛངས་མ་རྣམས་ཀྱིས་སྒྲོན་མེ་བཟུང་ཞིང་སྣུམ་ཡང་སྣོད་ཀྱི་ནང་དུ་བླུགས་ཏེ༌ཁྱེར། མག་པ་ཡོང་འཕྱི་བ་དང་དེ་དག་གཉིད་འཐིབས་ནས་གཉིད་ལ༌ཡུར། ནམ་ཕྱེད་ཙམ་ལ་མི་ཞིག་གིས་སྐད་གསང་མཐོན༌པོས། ལྟོས༌དང༌། མག་པ་སླེབས༌བྱུང༌། ཁྱོད་རྣམས་ཕྱི་རོལ་ཏུ་ཁོང་བསུ་རུ་ཤོག་ཅེས་སྨྲས༌སོ།། ན་ཆུང་བུ་མོ་ཐམས་ཅད་ཡར་ལངས་ཏེ་རང་རང་གི་སྒྲོན་མེའི་སྡོང་རས་བཅད༌ཅིང༌། བླུན་མོ་དག་གིས་མཛངས་མ་རྣམས་ལ་སྨྲས༌པ། ངེད་རྣམས་ཀྱི་སྒྲོན་མེ་ཟད་ལ་ཉེ་བས་སྣུམ་ཅུང་ཙམ་སྟེར་རོགས་ཞེས་པ༌ལ། མཛངས་མ་རྣམས་ན༌རེ། དེ་ལྟར་བྱས༌ན་སྣུམ་གྱིས་བདག་ཅག་ཐམས་ཅད་ལ་མི་འདང༌བས། ཁྱོད་རྣམས་སྣུམ་འཚོང་སར་ཉོ་རུ་སོང་ན་ལེགས་ཞེས་སྨྲས༌སོ།། 10 བླུན་མོ་རྣམས་སྣུམ་ཉོ་རུ་སོང་བའི་དུས་སུ་མག་པ་སླེབས༌ཤིང༌། སྟ་གོན་བྱས་ཟིན་པ་རྣམས་མག་པ་དང་མཉམ་དུ་བག་སྟོན་ལ་ཞུགས་པ་དང་སྒོ་བརྒྱབ་པ༌རེད། 11 དེ་ནས་ན་ཆུང་བུ་མོ་གཞན་རྣམས་ཀྱང་ཕྱིར་སླེབས་ཤིང་ན༌རེ། བདག་པོ༌ལགས། བདག་པོ༌ལགས། ངེད་ཅག་ལ་སྒོ་ཕྱེ་བར་མཛོད་ཅེས་སྨྲས་པ༌ན། 12 བདག་པོས་འདི་སྐད༌དུ། ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། བདག་གིས་ཁྱོད་རྣམས་ངོ་མི་ཤེས་ཞེས་སྨྲས༌སོ།། 13 དེའི༌ཕྱིར། ཁྱོད་ཅག་གིས་ཀྱང་ཉིན་མོ་དེ་དང་དུས་དེ་ནི་ནམ་ཞིག་ཡིན་པ་མི་ཤེས་པས་གཟབ་པར་གྱིས་ཞེས་གསུངས༌སོ།།
རྡོ་ཚད་ཀྱི༌དཔེ།
14 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་བདག་པོ་ཞིག་ཡུལ་གཞན་དུ་འགྲོ༌སྐབས། གཡོག་པོ་རྣམས་བོས་ཏེ་རང་གི་རྒྱུ་ནོར་ཐམས་ཅད་དེ་རྣམས་ལ་བཅོལ་བ་དང་འདྲ༌སྟེ། 15 གཡོག་པོ་རྣམས་ཀྱི་ནུས་པ་ལྟར་གཅིག་ལ་རྡོ་ཚད་ལྔ༌དང༌། གཅིག་ལ་རྡོ་ཚད༌གཉིས། གཅིག་ལ་རྡོ་ཚད་གཅིག་བཅས་སྤྲད་རྗེས་ཡུལ་གཞན་དུ་ཆས༌སོ།། 16 དེ་ནས་རྡོ་ཚད་ལྔ་ཐོབ་མཁན་དེས་མྱུར་དུ་ཚོང་ལས་བྱས་ནས་རྡོ་ཚད་ལྔའི་ཁེ་སྤོགས༌བླངས། 17 དེ་བཞིན་དུ་རྡོ་ཚད་གཉིས་ཐོབ་མཁན་དེས་ཀྱང་རྡོ་ཚད་གཉིས་ཀྱི་ཁེ་སྤོགས༌བླངས། 18 འོན་ཀྱང་རྡོ་ཚད་གཅིག་ཐོབ་མཁན་ཕར་སོང་ནས་ས་བརྐོས་ཏེ་བདག་པོའི་རྡོ་ཚད་ས་འོག་ཏུ༌སྦས། 19 ཡུན་རིང་འགོར༌རྗེས། གཡོག་པོ་དེ་དག་གི་བདག་པོ་ཕྱིར་ཡོང་སྟེ་ཁོ་རྣམས་དང་རྩིས་བརྒྱབ་པ༌ན། 20 རྡོ་ཚད་ལྔ་ཐོབ་མཁན་གྱིས་རྡོ་ཚད་ལྔ་ལྷག་མ་ཁྱེར་ཡོང༌སྟེ། བདག་པོ༌ལགས། ཁྱེད་ཀྱིས་བདག་ལ་རྡོ་ཚད་ལྔ་སྤྲད༌ཅིང༌། གཟིགས༌དང༌། བདག་གིས་རྡོ་ཚད་ལྔའི་ཁེ་སྤོགས་བླངས་པ་ཡིན་ཞེས་སྨྲས་པ༌ན། 21 བདག་པོ་ན༌རེ། ལེགས་པོ༌འདུག ཁྱོད་ནི་རང་གཤིས་བཟང་ཞིང་གཞུང་རྒྱུད་དྲང་བའི་གཡོག་པོ་ཞིག་ཡིན༌ལ། ཁྱོད་ནི་དོན་ཆུང་ངུའི་སྟེང་དུའང་བློ་སེམས་དཀར༌བས། བདག་གིས་ཁྱོད་རང་དོན་མང་པོ་དོ་དམ་བྱེད་པར་བསྐོ་བར༌བྱའོ། །ཁྱོད་རང་བདག་པོའི་སྤྲོ་སྐྱིད་ལ་རོལ་ཅིག་ཅེས་སྨྲས༌སོ།། 22 དེ་ནས་རྡོ་ཚད་གཉིས་ཐོབ་མཁན་ཡང་སླེབས༌ཏེ། བདག་པོ༌ལགས། ཁྱེད་ཀྱིས་བདག་ལ་རྡོ་ཚད་གཉིས་སྤྲད༌ཅིང༌། བདག་གིས་རྡོ་ཚད་གཉིས་ཀྱི་ཁེ་སྤོགས་བླངས་པ་ཡིན་ཞེས་སྨྲས་པ༌ན། 23 བདག་པོ་ན༌རེ། ལེགས་པོ༌འདུག ཁྱོད་ནི་རང་གཤིས་བཟང་ཞིང་གཞུང་རྒྱུད་དྲང་བའི་གཡོག་པོ་ཞིག་ཡིན༌ལ། ཁྱོད་ནི་དོན་ཆུང་ངུའི་སྟེང་དུའང་བློ་སེམས་དཀར༌བས། བདག་གིས་ཁྱོད་རང་དོན་མང་པོ་དོ་དམ་བྱེད་པར་བསྐོ་བར༌བྱའོ། །ཁྱོད་རང་བདག་པོའི་སྤྲོ་སྐྱིད་ལ་རོལ་ཅིག་ཅེས་སྨྲས༌སོ།། 24 དེ་ནས་རྡོ་ཚད་གཅིག་ཐོབ་མཁན་ཡང་སླེབས༌ཏེ། བདག་པོ༌ལགས། ཁྱེད་ནི་མི་བཙན་པོ་ཞིག་ཡིན༌ཞིང༌། མ་བཏབ་ས་ནས་སྟོན་བསྡུ་བ༌དང༌། མ་གཏོར་ས་ནས་ཀྱང་འབྲས་བུ་ལེན་ངེས་པ་བདག་གིས་ཤེས༌པས། 25 ང་རང་འཇིགས༌ཏེ། ཁྱེད་ཀྱི་རྡོ་ཚད་གཅིག་པོ་དེ་ས་འོག་ཏུ་སྦས་པ༌ཡིན། གཟིགས༌དང༌། ཁྱེད་ཀྱི་རྡོ་ཚད་འདི་རུ་ཡོད་ཅེས་སྨྲས༌སོ།། 26 བདག་པོས་འདི་སྐད༌དུ། གཡོག་པོ་ངན་པ་ལེ་ལོ་ཅན་ཁྱོད་ཀྱིས་བདག་གིས་མ་བཏབ་ས་ནས་སྟོན་བསྡུ་བ་དང་མ་གཏོར་ས་ནས་ཀྱང་འབྲས་བུ་ལེན་ངེས་པ་ཤེས༌ན། 27 བདག་གི་དངུལ་སྒོར་དེ་དངུལ་ཉར་མཁན་ལ་བཅོལ་དགོས་པ་ཡིན༌ཏེ། ང་རང་ཕྱིར་སླེབས་པའི་དུས༌སུ། ངས་དངུལ་སྒོར་དེའི་མ་རྩ་དང་སྐྱེད་ཀ་གཉིས་བླང༌ཆོག 28 དེའི༌ཕྱིར། ད་ནི་རྡོ་ཚད་གཅིག་པོ་དེ་ལོངས་ལ་རྡོ་ཚད་བཅུ་ཅན་ལ་བྱིན༌ཅིག 29 རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས་ཤིང་ལྷག་མའང་ཡོད་པར་འགྱུར་བ༌དང༌། སུ་ཞིག་ལ་མེད་པ་དེ་ལས་ཉུང་ཙམ་ཡོད་པ་དེའང་ཕྱིར་ལེན་པར༌འགྱུར། 30 རིན་ཐང་མེད་པའི་གཡོག་པོ་དེ་ཕྱི་རོལ་གྱི་མུན་ནག་ནང་དུ་སྐྲོད༌ཅིག གནས་དེ་རུ་ངུ་འབོད་བྱས་ནས་ཨམ་གཙིགས་བསྡམ་པར་འགྱུར་ཞེས་སྨྲས༌པའོ།།
མ་འོངས་པར་མཆོག་དམན་གྱི་དབྱེ་བ་འབྱེད་པའི་སྐོར་གྱི་ལུང༌བསྟན།
31 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིའི་བུ་རང་ཉིད་ཀྱི་གཟི་བརྗིད་ངང་ཕོ་ཉ་འཁོར་དང་བཅས་པ་ཕེབས་ཡོང༌དུས། རང་གི་གཟི་བརྗིད་ལྡན་པའི་ཁྲི་ལ་བཞུགས་པར་འགྱུར༌ཞིང༌། 32 མི་རིགས་ཐམས་ཅད་ཁོང་གི་དྲུང་དུ་བསྡུ་བ༌དང༌། ཁོང་གིས་དེ་རྣམས་ལ་དབྱེ་བ་མཛད༌དེ། ལུག་རྫི་ཞིག་གིས་ལུག་དང་ར་མ་གཉིས་སོ་སོར་དགར་བ༌བཞིན། 33 ལུག་རྣམས་གཡས་ཕྱོགས་དང་ར་མ་རྣམས་གཡོན་ཕྱོགས་སུ་ཡོད་པར་བྱེད༌དོ།། 34 དེ་ནས་རྒྱལ་པོས་གཡས་ཕྱོགས་སུ་ཡོད་པ་རྣམས་ལ་འདི་སྐད༌དུ། བདག་གི་ཡབ་ཀྱི་བྱིན་རླབས་ཐོབ་པ་རྣམས་ཤོག༌དང༌། འཇིག་རྟེན་བཀོད་པའི་ཚུན་དུ་ཁྱོད་ཅག་ལ་སྟ་གོན་མཛད་པའི་རྒྱལ་སྲིད་རྒྱུན་འཛིན་བྱེད་པར༌གྱིས། 35 རྒྱུ་མཚན་ནི་ང་རང་བཀྲེས་ཤིང་སྐོམ་པའི་དུས༌སུ། ཁྱོད་ཅག་གིས་བདག་ལ་བཟའ་བཏུང་སྤྲད་པ༌དང༌། ང་རང་ཕྱི་མི་ཡིན༌དུས། ཁྱོད་ཅག་གིས་བདག་ལ་སྣེ་ལེན་བགྱིས་པ༌ཡིན། 36 ང་རང་ལུས་གཅེར་བུ་ཡིན༌དུས། ཁྱོད་ཅག་གིས་བདག་ལ་གོས་བསྐོན༌ཞིང༌། བདག་ལ་ན་ཚ་བྱུང༌དུས། ཁྱོད་ཅག་གིས་བདག་སྙོར་སྐྱོང་བྱས་པ༌ཡིན། ང་རང་བཙོན་དུ་ཡོད༌དུས། ཁྱོད་ཅག་བདག་ལ་བལྟ་རུ་ཡོང་ངོ་ཞེས་གསུང་བར༌འགྱུར། 37 དེ་ནས་མི་གཞུང་དྲང་རྣམས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་དུས་ནམ་ཞིག་ལ་ཁྱེད་ཀྱིས་བཀྲེས་སྐོམ་མྱངས་པ་མཐོང་ནས་བཟའ་བཏུང་བྱིན་མྱོང༌ངམ། 38 དུས་ནམ་ཞིག་ལ་ཁྱེད་རང་ཕྱི་མི་ཡིན་པ་མཐོང་ནས་སྣེ་ལེན་བགྱིས་མྱོང༌ངམ། ཁྱེད་རང་ལུས་གཅེར་བུ་ཡིན་པ་མཐོང་ནས་ལུས་ལ་གོས་བསྐོན་མྱོང༌ངམ། 39 དུས་ནམ་ཞིག་ཁྱེད་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད་པ་མཐོང་སྟེ་ཁྱེད་ལ་བལྟ་རུ་ཡོང་ངམ་ཞེས་སྨྲ་བར༌འགྱུར། 40 ཡང་རྒྱལ་པོས་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ཁྱོད་ཅག་གིས་བདག་གི་སྤུན་ཟླ་རྣམས་ལས་ཆེས་ཆུང་བ་ཞིག་ལ་དེ་ལྟར་བྱས༌ན། དོན་དམ་དུ་བདག་ལ་བྱས་པ་ཡིན་ཞེས་གསུང་བར་འགྱུར༌རོ།།
41 དེ་ནས་རྒྱལ་པོས་གཡོན་ཕྱོགས་སུ་ཡོད་པ་རྣམས་ལ་འདི་སྐད༌དུ། དམོད་མོ་ཐེབས་ཟིན་པ་ཁྱོད་རྣམས་བདག་དང་ཁ་བྲལ༌ནས། བདུད་དང་བདུད་ཀྱི་ཕོ་ཉ་དག་ལ་སྟ་གོན་མཛད་པའི་ཞི་མེད་ཀྱི་དམྱལ་བའི་མེ་ཕུང་ནང་དུ་སོང༌ཞིག 42 རྒྱུ་མཚན་ནི་ང་རང་བཀྲེས་ཤིང་སྐོམ་པའི་དུས༌སུ། ཁྱོད་ཅག་གིས་བདག་ལ་བཟའ་བཏུང་མ༌བྱིན། 43 ང་རང་ཕྱི་མི་ཡིན༌དུས། ཁྱོད་ཅག་གིས་བདག་ལ་སྣེ་ལེན་མ༌བྱས། ང་རང་ལུས་གཅེར་བུ་ཡིན༌དུས། བདག་ལ་གོས་མ༌བསྐོན། བདག་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད༌དུས། ཁྱོད་རྣམས་བདག་ལ་བལྟ་རུ་མ་ཡོང་ཞེས་གསུང་བར༌འགྱུར། 44 གཡོན་ཕྱོགས་སུ་ཡོད་པ་རྣམས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་དུས་ནམ་ཞིག་ལ་ཁྱེད་རང་ལྟོགས་པའམ་སྐོམ༌པ། ཡང་ན་ཁྱེད་རང་ཕྱི་མི་ཡིན་པའམ་ལུས་གཅེར་བུར་སྡོད༌པ། ཡང་ན་ཁྱེད་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད་པ་མཐོང༌ཡང༌། ཁྱེད་ལ་ཞབས་ཕྱི་མ་བསྒྲུབས་སམ་ཞེས་སྨྲ་བར༌འགྱུར། 45 ཡང་རྒྱལ་པོས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་ཅག་གིས་མི་འདི་རྣམས་ལས་ཆེས་ཆུང་བ་ཞིག་ལ་དེ་ལྟར་མ་བྱས༌ན། དོན་དམ་དུ་བདག་ལ་མ་བྱས་པ་ཡིན་ཞེས་གསུང་བར༌འགྱུར། 46 དེའི༌ཕྱིར། མི་འདི་དག་ནི་མཐའ་མེད་པའི་ཉེས་ཆད་ནང་དུ་འགྲོ༌ཞིང༌། མི་གཞུང་དྲང་དེ་རྣམས་ནི་མཐའ་མེད་པའི་ཚེ་སྲོག་ནང་དུ་འགྲོ་བར་འགྱུར་ཞེས་གསུངས༌སོ།།