ལེའུ་བཞི༌པ།
ས་བོན་འདེབས་པའི༌དཔེ།
དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་མཚོ་འགྲམ་ནས་མི་དེ་རྣམས་ལ་ཆོས་གསུངས༌ཤིང༌། མི་ཤིན་ཏུ་མང་པོའང་གནས་དེར་འཛོམས༌པས། ཁོང་ཉིད་གྲུའི་ནང་དུ་ཕེབས་ཏེ་བཞུགས་པ་དང་མི་ཐམས་ཅད་མཚོ་འགྲམ་དུ༌བསྡད། ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་ཤིང་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་ཉོན༌ཅིག ཞིང་འདེབས་མཁན་ཞིག་ཕྱི་རོལ་ཏུ་ཞིང་འདེབས་སུ་སོང་བ༌དང༌། ས་བོན་གཏོར༌སྐབས། ས་བོན་ཁ་ཤས་ལམ་ཁར་ཐོར་ཞིང་བྱ་རྣམས་ཡོང་ནས་ཟོས་པ༌དང༌། ས་བོན་ཁ་ཤས་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་ཞིང་སའི་གཏིང་མི་ཟབ་པས་ཡར་སྐྱེས་པ་མགྱོགས༌ཀྱང༌། ཉི་མ་ཤར་ཚེ་རྙིད་ཅིང་རྩ་བ་མ་རྒྱས་པས་བསྐམས་པ༌རེད། ས་བོན་ཁ་ཤས་ཚེར་མའི་གསེབ་ལ་ཐོར་ཞིང་ཚེར་མ་སྐྱེས་ཏེ་མར་མནན་ནས་འབྲས་བུ་མ་སྨིན༌ལ། ཡང་ས་བོན་ཁ་ཤས་ས་གཤིན་ནང་དུ་ཐོར་ཞིང་ཆེར་སྐྱེས་ནས་འབྲས་བུ་སྨིན༌ཏེ། དེ་དག་ལས་ཁ་ཤས་ལྡབ་སུམ་ཅུ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་བརྒྱ་བཅས་སྨིན་པ༌ཡིན། རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།།
10 དེ་ནས་སྐྱབས་མགོན་ཡེ་ཤུ་གཅིག་པུ་བཞུགས་པའི་དུས༌སུ། ཁོང་གི་ཐུགས་སྲས་བཅུ་གཉིས་པོ་དང་རྗེས་འབྲང་པ་རྣམས་ཀྱིས་ཁོང་ལ་དཔེ་འདིའི་ནང་དོན་ཅི་ཡིན་དྲིས༌ཚེ། 11 ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ནི་ཁྱོད་ཅག་ལ་མངོན༌ཡང༌། ཕྱི་ཕྱོགས་པ་རྣམས་ལ་དོན་ཐམས་ཅད་དཔེ་རུ་བཀོད་ནས་བརྗོད་པ༌ཡིན། 12 དེ་ནི་མི་དེ་རྣམས་ཀྱིས་མིག་གིས་མཐོང་ཡང་མི་ཤེས༌ལ། རྣ་བས་ཐོས་ཀྱང་དོན་མི་རྟོགས་པའི་ཕྱིར་ཡིན༌ལ། དེ་ལྟར་མིན་ཚེ་ཁོ་རྣམས་ཕྱིར་འཁོར་ཞིང་སྡིག་པའང་བསལ་ངེས་ཡིན་ཞེས་གསུངས༌སོ།།
13 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་དཔེ་འདིའི་དོན་ཡང་མི་ཤེས༌སམ། དེས་ན་དཔེ་ཐམས་ཅད་ཀྱི་དོན་ཇི་ལྟར་ཤེས་ཐུབ༌བམ། 14 དེ་ནི་ཞིང་འདེབས་མཁན་གྱིས་བཏབ་པ་ནི་དཀོན་མཆོག་གི་བཀའ༌ཡིན། 15 ས་བོན་ལམ་ཁར་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་མ་ཐག་ཏུ་བདུད་སཱ་ཏན་ཡོང་ནས་མི་དེའི་སེམས་ནང་གི་བཀའ་ཕྲོགས་ཏེ་ཁྱེར་སོང་བ་རྣམས༌ཡིན། 16 དེ་བཞིན་དུ་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་པ་ཙམ་གྱིས་དགའ་ཞིང་དང་དུ་བླངས༌ནའང༌། 17 སེམས་སུ་རྩ་བ་མ་རྒྱས་པས་དུས་ཡུན་ཐུང་ངུ་ལ་གནས་ཀྱང་བཀའ་དེའི་རྐྱེན་གྱིས་དཀའ་སྡུག་དང་གནོད་འཚེ་བྱུང་མ་ཐག་དད་པ་ལོག་པ་རྣམས༌ཡིན། 18 ཡང་ཚེར་མའི་གསེབ་ལ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས༌རྗེས། 19 འཇིག་རྟེན་གྱི་སེམས་ཁུར༌དང༌། རྒྱུ་ནོར་གྱི་བསླུ༌བྲིད། འདོད་ཆགས་སྣ་ཚོགས་བཅས་ཀྱི་དབང་གིས་བཀའ་མནན་ནས་རང་སེམས་སུ་འབྲས་བུ་སྨིན་མ་ཐུབ་པ་རྣམས༌ཡིན། 20 ཡང་ས་གཤིན་ནང་དུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཤིང་སེམས་སུ་བླངས་པ་དང་འབྲས་བུ་སྨིན་ཐུབ་པ་རྣམས་ཡིན༌ཏེ། འབྲས་བུ་ཁ་ཤས་ལྡབ་སུམ་ཅུ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་བརྒྱ་བཅས་སྨིན་པ་ཡིན་ཞེས་གསུངས༌སོ།།
སྒྲོན་མེ་དང་ས་བོན་གྱི་དཔེ།
21 དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མི་ཡིས་སྒྲོན་མེ་ཁྱེར་འོངས་པ་ནི་བྲེའམ་མལ་ཁྲིའི་འོག་ཏུ་འཇོག་པའི་ཕྱིར་མ་ཡིན་པར་སྒྲོན་སྟེགས་སྟེང་དུ་འཇོག་པའི་ཕྱིར་ཡིན༌ལ། 22 དེ་ནི་སྦས་པའི་དོན་ཐམས་ཅད་མི་མངོན་པ་ཅི་ཡང་མེད༌ལ། གསང་བའི་དོན་ཐམས་ཅད་ཀྱང་མི་མངོན་པ་ཅི་ཡང༌མེད། 23 རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།། 24 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་རྣ་བས་ཐོས་པ་དག་ལའང་གཟབ་པར༌གྱིས། ཁྱོད་ཅག་གིས་སྣོད་ཅི་ལྟ་བུ་ལས་མི་གཞན་ལ་བྱིན༌ན། ཁྱོད་ཅག་ལའང་དེ་འདྲ་ཞིག་གནང་བར་མ༌ཟད། དེ་ལས་ལྷག་པ་ཞིག་ཀྱང་གནང་བར༌འགྱུར། 25 རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས༌ཤིང༌། སུ་ཞིག་ལ་མེད་པ་དེ་ལས་ཉུང་ཙམ་ཡོད་པ་དེ་ཡང་ཕྱིར་ལེན་པར་འགྱུར་ཞེས་གསུངས༌སོ།།
26 ཡང་ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ནི་མིས་ཞིང་ལ་ས་བོན་བཏབ་པ་དང་འདྲ༌སྟེ། 27 མཚན་མོར་གཉིད་ཅིང་ཉིན་མོར་ཡར་ལངས༌ཤིང༌། ས་བོན་ལ་རིམ་བཞིན་མྱུ་གུ་འབུས་ཏེ་སྐྱེས་པ༌དང༌། མི་དེས་ཇི་ལྟར་བྱུང་བའང་མི༌ཤེས། 28 ས་གཞིས་འབྲུ་རིགས་བསྐྱེད་པ་ནི་རང་བཞིན་གྱིས་ཡིན༌ཏེ། ཐོག་མར་མྱུ་གུ་འབུས་པ་དང་དེ་ནས་སྙེ་མ་ཐོགས༌པ། མཇུག་མཐར་སྙེ་མ་ལས་འབྲུ་རྡོག་སྨིན༌པ། 29 ཐ་མར་འབྲུ་རིགས་སྨིན་ནས་འབྲེག་རན་དུ་སླེབས༌ཚེ། ས་བོན་འདེབས་མཁན་གྱིས་ཟོར་བས་འབྲེག་པ་ཡིན་ཞེས་གསུངས༌སོ།།
30 ཡང་ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ལ་གང་ཞིག་གིས་བསྡུར་ཐུབ༌བམ། དཔེ་གང་ཞིག་གིས་མཚོན་ནུས༌སམ། 31 དེ་ནི་ཡུངས་འབྲུའི་ས་བོན་ཞིག་དང་འདྲ༌སྟེ། ཞིང་འདེབས་པའི་དུས༌སུ་ས་སྟེང་གི་ས་བོན་གཞན་ཐམས་ཅད་ལས་ཆུང༌ཡང༌། 32 ས་བོན་བཏབ་རྗེས་ཆེར་སྐྱེས་ནས་སྔོ་ཚལ་གྱི་རིགས་སྣ་ཚོགས་ལས་ཆེ་ཞིང་ཡལ་ག་ཆེན་པོ་ཐོགས༌ཏེ། ནམ་མཁའི་བྱ་ཡིས་ཀྱང་དེའི་གྲིབ་བསིལ་འོག་ཏུ་ཚང་བཟོ་བ་ཡིན་ཞེས་གསུངས༌སོ།།
33 སྐྱབས་མགོན་ཡེ་ཤུས་དཔེ་དེ་ལྟ་བུ་མང་པོ་བཀོད་ནས་མི་རྣམས་ཀྱིས་དཔེ་དོན་ཅི་ཙམ་ཤེས་ནུས་པ་བཞིན་དཀོན་མཆོག་གི་བཀའ༌གསུངས། 34 ཁོང་གིས་དཔེ་མ་བཀོད་པར་དེ་རྣམས་ལ་ཅི་ཡང་མ་གསུངས༌མོད། འོན་ཀྱང་མི་གཞན་མེད་པའི་དུས་སུ་དཔེ་རྣམས་ཀྱི་དོན་ཐམས་ཅད་ཐུགས་སྲས་རྣམས་ལ་གསུངས༌སོ།།
རླུང་ཤུགས་དང་མཚོ་རླབས་ཞི་བར་མཛད༌པ།
35 ཉིན་དེའི་མཚན༌མོར། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་བདག་ཅག་མཚོའི་ཕ་རོལ་ཏུ་འགྲོའོ་ཞེས་གསུངས༌ཤིང༌། 36 ཐུགས་སྲས་རྣམས་ཀྱང་མི་ཚོགས་དང་ཁ་བྲལ་ཏེ་སྐྱབས་མགོན་ཡེ་ཤུ་བཞུགས་ཡོད་པའི་མཚོ་གྲུ་བཏང་ནས་མཉམ་དུ་ཕེབས༌ཤིང༌། གྲུ་གཞན་དག་ཀྱང་ཁོང་དང་འགྲོགས་ནས་སོང༌ངོ༌།། 37 གློ་བུར་རླུང་ཆེན་གཡུགས་ཏེ་རྦ་རླབས་གྲུའི་ནང་དུ་བརྒྱབ་པ་དང་མཚོ་གྲུའི་ནང་དུ་ཆུས་འགེང་བཞིན༌ཡོད། 38 སྐྱབས་མགོན་ཡེ་ཤུ་མཚོ་གྲུའི་མཇུག་ཏུ་སྔས་མགོར་སྔས་ཏེ་གཟིམས་པ༌ལ། ཐུགས་སྲས་རྣམས་ཀྱིས་ཁོང་གཟིམས་ལས་བསླངས༌ཏེ། སློབ་དཔོན༌ལགས། བདག་ཅག་འཆི་ལ༌ཉེའོ། །ཁྱེད་ཀྱིས་ཐུགས་ཁུར་མི་མཛད་དམ་ཞེས་ཞུས་པ༌དང༌། 39 ཁོང་སད་དེ་རླུང་ལ་བཀའ་བཀྱོན་མཛད་ཅིང་མཚོ་ལ་མཚམས་ཞོག༌ཅིག ཞི་བར་གྱུར་ཅིག་ཅེས་གསུངས་མ༌ཐག རླུང་གཡུག་མཚམས་ཆད་ནས་ཡོངས་སུ་ཞི་བར་གྱུར༌ཏོ།། 40 དེ་ནས་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཅིའི་ཕྱིར་འཇིགས༌སམ། ཁྱོད་ཅག་ལ་ད་དུང་དད་པ་མེད་དམ་ཞེས་གསུངས་པ༌དང༌། 41 ཁོ་རྣམས་ཤིན་ཏུ་འཇིགས་ཤིང་སྐྲག་སྟེ་ཕན་ཚུན་ལ་འདི་ནི་སུ་ཡིན༌ནམ། རླུང་དང་མཚོ་ཡིས་ཀྱང་ཁོང་གི་བཀའ་ལ་མཉན་པ་རེད་ཅེས་སྨྲས༌སོ།།