གསུང་མགུར་བརྒྱ་དང་ཞེ་གཅིག༌པ།
དགོང་ཁའི་གསོལ་འདེབས།
1 ༼དཱ་བིད་ཀྱི་མགུར༌མ།༽ ཀྱེ་ཀྱེ་ཡ་ཝཱེ་བདག་གིས་ཁྱེད་ཉིད༌འབོད། །ཁྱེད་ཉིད་འཕྲལ་དུ་ངའི་རྩར་ཕེབས་པར༌མཛོད། །བདག་གིས་འབོད་དུས་ངའི་སྐད་གསན་དུ༌གསོལ།། 2 བདག་གི་སྨོན་ལམ་ཁྱེད་དྲུང་སྤོས་བཞིན༌དང༌། །ལག་ཟུང་འདེགས་པ་དགོང་མཆོད་ལྟར་གྱུར༌ཅིག། 3 ཀྱེ་ཀྱེ་ཡ་ཝཱེ་ངའི་ངག་བསྲུང་བ༌དང༌། །ང་ཡི་སྨྲ་སྒོ་ཉིད་ཀྱིས་བསྲུང་བར༌མཛོད།། 4 སྡིག་སྤྱོད་མཉམ་དུ་དོན་ངན་མི་གཉེར༌ཕྱིར། །བདག་སེམས་ངན་པར་འཕྲེང་དུ་མི་འཇུག༌རོགས། །དེ་དག་ཟས་ཞིམ་ང་ལ་གནང་མ༌མཛད།། 5 དྲང་པོས་བརྡུང་བར་ཤོག་ཅིག་བྱམས་བརྩེ༌ཡིན། །བཀྱོན་པར་གྱུར་ཅིག་མགོར་བྱུགས་སྣུམ་ཡིན༌ཏེ། །བདག་གི་མགོ་ནི་དེ་ལ་གཡོལ་མི༌བྱ། །སྡིག་སྤྱོད་རྣམས་ཀྱིས་ངན་པ་བྱེད་པའི༌ཚེ། །ང་ནི་སྨོན་ལམ་འདེབས་ཀྱིན་འདུག་པར༌བྱ།། 6 དེ་ཚོའི་ཁྲིམས་དཔོན་བྲག་གི་གཡང་ནས༌འཕེན། །ངའི་སྐད་སྙན་པས་དེ་ཚོས་བདག་ལ༌མཉན།། 7 སེར་ཁ་གས་པའི་ས་གཞི་ནང་བཞིན༌དུ། །གཤིན་པོའི་ཡུལ་གྱིས་ཁ་ཆེར་གདངས་ནས༌ནི། །ངེད་ཀྱི་ཕྱོགས་བཞིར་འཐོར་བའི་རུས་པ༌རྣམས། །ཁྱུར་མིད་གཏོང་ཞེས་དེ་ཚོས་སྨྲ་བར༌འགྱུར།། 8 འོན་ཀྱང་ཀྱེ་ཀྱེ་གཙོ་བོ་ཡ་ཝཱེ༌ལགས། །ང་ཡི་མིག་གིས་ཁྱེད་ལ་རེ་ལྟོས༌བཅངས། །ང་རང་ཁྱེད་ལ་སྐྱབས་སུ་འགྲོ་བས༌ན། །ང་རང་འཆི་བའི་ནང་དུ་ལྷུང་མ༌མཛད།། 9 ངན་པས་ངའི་ཕྱིར་བཙུགས་པའི་རྙི་རྒྱ༌དང༌། །སྡིག་སྤྱོད་རྣམས་ཀྱི་ཞགས་ལས་སྐྱོབ་པར༌མཛོད།། 10 མི་ངན་རང་གི་རྙི་ནང་ཚུད་གྱུར༌ཅིག །ང་ནི་བདེ་ཞིང་ཐར་བར་གྱུར་ཅིག༌གུ།