༄༅། །རྒྱལ་པོ་སོ་ལོ་མོན་གྱི་སྙན་མགུར།
རྒྱལ་པོ་སོ་ལོ་མོན་གྱི་སྙན་མགུར་གྱི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་གི་ཁ་བྱང་ལ་ཨིབ་རི་པའི་སྐད་ཡིག་ཏུ་སོ་ལོ་མོན་གྱི་མགུར་རྣམས་ཀྱི་སྙན་མགུར་ཞེས་བརྗོད། དེ་ནི་སོ་ལོ་མོན་གྱིས་མཛད་པའི་མགུར་རམ། སོ་ལོ་མོན་ལ་བླངས་པའི་མགུར། ཡང་ན་སོ་ལོ་མོན་གྱི་སྐོར་མགུར་དུ་བླངས་པ་ཞེས་པའི་དོན་ཡིན། མགུར་རྣམས་ཀྱི་སྙན་མགུར་ཞེས་པ་ནི་མགུར་མཆོག་ཏུ་གྱུར་པ་ཞེས་པའི་དོན་ནོ། །
ཡི་གེར་འགོད་མཁན་དང་འགོད་དུས།
ཚིག་རྐང་དང་པོའི་ནང་དུ་གཞུང་འདི་ཡི་གེར་འགོད་མཁན་སོ་ལོ་མོན་ཡིན་ཞེས་བརྗོད་ཡོད། གཞུང་དངོས་ཀྱི་ནང་དུ་ཁོང་ཡིན་ཚུལ་ཐེངས་བདུན་ལ་བགྲང་ནས་ཁུངས་གཏུགས་ཡོད་ནའང་། ཁོང་ཡི་གེར་འགོད་མཁན་ཡིན་མིན་ལ་ད་དུང་ཐེ་ཚོམ་ཡོད་པ་རེད། ཡིན་ནའང་ཡི་གེའི་འགྲོས་དང་ཁྱད་ཆོས། རྩོམ་གཤིས། སྣང་ཚུལ། བསྐྱར་ཟློས་ཀྱི་ཚིག་བཅས་གཅིག་མཚུངས་ཡིན་པར་བརྟེན་ཡི་གེར་འགོད་མཁན་མི་གཅིག་རང་ཡིན་པ་རྩོད་མེད་ཆགས་ཡོད། གལ་སྲིད་སོ་ལོ་མོན་ཁོང་ཉིད་ཡི་གེར་འགོད་མཁན་ཡིན་པའི་དབང་དུ་བཏང་ན། སྙན་མགུར་ཡི་གེར་བཀོད་པའི་དུས་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཡེས་ར་ཨེལ་གྱི་གནའ་བོའི་ལུགས་ལྟར་ན། མིའི་རིགས་ཀྱི་འབྲེལ་བ་ཡོད་དོ་ཅོག་ནི་སྐད་ཆ་ལ་བརྟེན་ནས་བྱུང་བར་བརྗོད། སྙན་མགུར་གྱི་ནང་དུ་བརྩེ་བ་ལས་སྐད་ཆ་བྱུང་བ་དང་། དེ་ནི་དཀོན་མཆོག་གི་བྱམས་བརྩེ་ལས་མངོན་ཞིང་སྐད་ཆའི་སྒུལ་ཤུགས་ཀྱིས་བརྩེ་བའི་ཁྱད་འཕགས་རང་བཞིན་དང་དེའི་ཡིད་འཕྲོག་ནུས་པ་སྔོག་འདོན་བྱས། བརྩེ་བ་དེ་ལྟ་བུ་ནི་དཀོན་མཆོག་གི་གནང་སྦྱིན་མཆོག་ཏུ་གྱུར་པ་ཞིག་ཡིན། སྙན་མགུར་འདི་ལས་བུད་མེད་ཀྱིས་ངག་འཇམ་པོའི་བརྩེ་བ་དང་ཤེས་རབ་གཉིས་ཀྱི་ལམ་ནས་སྐྱེས་པ་རྣམས་ཀྱི་ཡིད་དབང་རབ་ཏུ་འགུག་ནུས་པ་བསྟན་ཡོད། དཀོན་མཆོག་གི་དབང་གིས་བཀོད་པའི་འཇིག་རྟེན་ནས་སྤྱིར་བཏང་གི་བཟའ་ཟླའི་བར་ལའང་འདི་ལྟ་བུའི་བརྩེ་བ་ཡོད་དགོས་པར་གདམས་ཡོད།
འཆར་ཟིན།
1. ཡིད་སེམས་འགུག་ནུས་པའི་སྒྱུ་རྩལ། ༼1:1-3:5༽
2. གཉེན་སྟོན་གྱི་སྐོར། ༼3:6-11༽
3. བརྩེ་དུང་གི་རྣམ་འགྱུར། ༼4:1-5:1༽
4. སྐྱོ་གདུང་དང་གནོན་ཤུགས་སེལ་ཐབས། ༼5:2-6:13༽
5. བརྩེ་དུང་གི་རྣམ་འགྱུར་གཞན་དག ༼7:1-8:4༽
6. མཇུག་སྡོམ། ༼8:5-14༽
ལེའུ་དང་པོ།
སོ་ལོ་མོན་གྱིས་མཛད་པའི་མགུར་མཆོག་ཏུ་གྱུར་པ།
ཤོ་ལོ་ཀ་དང་པོ།
༼ བག་མ། ༽
བརྩེ་སེམས་བདུད་རྩི་ལས་ཀྱང་མངར་བས་ན། ། ཁོང་གིས་ང་ལ་མཆུ་སྒྲོས་འོ་མཛད་ཤོག ། ཁྱེད་ཀྱི་སྤོས་ཀྱི་དྲི་བསུང་སྣ་ལ་ཞིམ། ། ཉིད་ཀྱི་མཚན་ནི་སྤོས་བཟང་བླུགས་འདྲ་ཡིན། ། དེའི་ཕྱིར་ལང་ཚོ་མ་རྣམས་ཁྱེད་ལ་དུངས། ། ཁྱེད་ཀྱིས་ངའི་སེམས་བཀུག་ནས་འགུག་གྱུར་ཅིག ། ངེད་གཉིས་ཁྱེད་ཀྱི་རྗེས་སུ་འབྲངས་ནས་རྒྱུག ། རྒྱལ་པོས་ང་རང་གཟིམས་ཁང་ནང་དུ་ཁྲིད། །
༼ མཛའ་གྲོགས་རྣམས། ༽
ཁྱེད་ཕྱིར་ངེད་ཅག་དགའ་ཞིང་མགུ་བར་བྱ། ། དྲི་མཆོག་བདུད་རྩི་ལས་ཀྱང་ལྷག་པ་ཡི། ། ཁྱེད་ཀྱི་མཛའ་སེམས་ལ་ནི་བསྟོད་བསྔགས་བརྗོད། །
༼ བག་མ། ༽
ཁོ་མོ་ཚོ་ནི་ཁྱེད་ལ་དགའ་འོས་སོ། ། ཀྱེ་ཀྱེ་ཡེ་རུ་སཱ་ལེམ་བུ་མོ་རྣམས། ། བདག་གི་ཤ་མདངས་ནག་ཀྱང་མཛེས་སྡུག་ལྡན། ། དེ་ནི་ཀེ༌དཱར་གྱི་ནི་གུར་དང་མཚུངས། ། སོ་ལོ་མོན་གྱི་ཡོལ་བ་ལྟར་དུ་ཡིན། ། ངའི་གདོང་ཉི་མས་ཚིག་ནས་ནག་པོར་གྱུར། ། མཐོང་ཆུང་མིག་གིས་ང་ལ་མ་བལྟ་རོགས། ། མ་གཅིག་སྤུན་རྣམས་བདག་ལ་རབ་ཏུ་ཁྲོས། ། རྒུན་ཚལ་བསྲུང་དུ་ང་རང་བསྐོས་པ་དང་། ། ང་ཡི་རྒུན་ཚལ་བསྐྱུར་ནས་བདག་མེད་ལུས། ། ཀྱེ་ཀྱེ་ང་ཡི་བྱམས་པ་ལགས། ། ཁྱེད་ཀྱིས་གང་དུ་ལུག་འཚོ་འམ། ། ཉིན་གུང་ལུག་ཁྱུ་གང་དུ་གསོ། ། ཐམས་ཅད་བདག་ལ་སྨྲ་བར་མཛོད། ། ཁྱེད་ཀྱི་གྲོགས་པོའི་ལུག་ཁྱུ་འགྲམ། ། གདོང་ཁེབས་ཅན་ལྟར་འགྱུར་དོན་ཅི། །
༼ མག་གསར། ༽
མཛེས་མའི་མཆོག་ཁྱེད་རྒྱུས་མེད་ན། ། ལུག་ཁྱུའི་རྐང་རྗེས་དེད་ནས་སོང་། ། རྫི་བོའི་གུར་གྱི་ཉེ་འཁོར་དུ། ། རང་གི་རེའུ་རྣམས་འཚོ་བར་མཛོད། ། ཀྱེ་ཀྱེ་ང་ཡི་སྙིང་སྡུག་ཁྱེད་རང་ནི། ། ཕཱར་ཨོལ་ཤིང་རྟའི་རྒོད་མ་བཞིན་དུ་མཛེས། ། 10 ཁྱེད་ཀྱི་མཁུར་ཚོས་ལན་བུ་དག་གིས་མཛེས། ། ཁྱེད་ཀྱི་མགུལ་ནི་རིན་པོ་ཆེ་ཡིས་བརྒྱན། །
༼ མཛའ་གྲོགས་རྣམས། ༽
11 ང་ཚོས་དངུལ་གྱིས་བརྒྱན་པ་ཡི། ། གསེར་གྱི་རྣ་ལོང་ཁྱེད་ལ་བཟོ། །
༼ བག་མ། ༽
12 རྒྱལ་པོ་ཁོང་ཉིད་འབོལ་ཁྲི་ལ་བཞུགས་དུས། ། ང་ཡི་ནཱར་དི་སྤོས་ཀྱི་དྲི་བསུང་འཐུལ། ། 13 ང་ཡི་དགའ་གྲོགས་གུ་གུལ་ཐུམ་གཅིག་འདྲ། ། ཁོང་ནི་ནམ་རྒྱུན་ང་ཡི་བྲང་ཁར་ཡོད། ། 14 ང་ཡི་དགའ་གྲོགས་ཨེན་གེ་དི་ཡུལ་གྱི། ། རྒུན་ཚལ་ནང་གི་མེ་ཏོག་གླང་སྣ་བཞིན། །
༼ མག་གསར། ༽
15 ཀྱེ་ཀྱེ་ང་ཡི་སྙིང་སྡུག་ལགས། ། ཁྱེད་ཀྱི་བྱད་གཟུགས་རབ་ཏུ་མཛེས། ། ཁྱེད་ཀྱི་བྱད་གཟུགས་རབ་ཏུ་མཛེས། ། ཕུག་རོན་སྤྱན་ཟུང་ཁྱེད་ལ་ལྡན། །
༼ བག་མ། ༽
16 ཀྱེ་ཀྱེ་གཟིགས་དང་ང་ཡི་དགའ་གྲོགས་ལགས། ། ཁྱེད་ཀྱི་ཞལ་རས་མཚར་ཞིང་ཡིད་དུ་འོང་། ། མཛེས་སྡུག་སྤང་ལྗོངས་ང་ཚོའི་མལ་ཁྲི་ཡིན། ། 17 ངེད་ཀྱི་ཁང་པའི་གདུང་མ་ཐང་ཤིང་དང་། ། ཁང་པའི་ལྕམ་གདུང་ལ་ནི་གསོམ་ཤིང་ཡོད། །