༄༅། །ཐེ་ཏུ་ལ་སྤྲིངས་པའི་འཕྲིན་ཡིག
ཐེ་ཏུ་ལ་སྤྲིངས་པའི་འཕྲིན་ཡིག་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཕོལ་ལོལ་ཁོང་ཉིད་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དང་ཁ་གྱེས་ཏེ་ཡེ་རུ་སཱ་ལེམ་གྱི་ཆོས་དཔོན་རྣམས་དང་ལྷན་དུ་འཕྲིན་བཟང་གི་སྐོར་ལ་གྲོས་མོལ་བྱེད་པར་འགྲོ་དུས་ཐེ་ཏུ་ཁྲིད་ནས་སོང་། གཅིག་བྱས་ན་ཐེངས་གསུམ་པར་ཆོས་སྤེལ་དུ་འགྲོ་སྐབས། མཛད་འཕྲིན་གྱི་གཞུང་གི་ནང་དུ་གནས་ཚུལ་བཀོད་མེད་ཀྱང་ཐེ་ཏུ་ཡིས་ཨེ་ཕེ་སི་གྲོང་ཁྱེར་ནས་ཕོལ་ལོལ་དང་མཉམ་དུ་ལས་དོན་བསྒྲུབས་པ་དང་། གྲོང་ཁྱེར་དེ་ནས་ཕོལ་ལོལ་གྱིས་ཐེ་ཏུ་ཞེས་བྱ་བ་ཀོ་རིན་ཐུ་ལ་མངགས་ནས་ཆོས་ཚོགས་དེའི་ལས་དོན་བསྒྲུབ་པར་རོགས་རམ་བྱེད་དུ་བཅུག དེ་ནས་ཕོལ་ལོལ་ནི་རོ་མཱ་གྲོང་ཁྱེར་ནས་ཐེངས་དང་པོར་བཙོན་ནས་གློད་གྲོལ་བཏང་བ་དང་། ཁོང་གཉིས་ཀྱིས་ཀཱ་རེ་ཏ་གླིང་ཕྲན་ནས་དུས་ཡུན་ཅུང་རིང་པོར་ལས་དོན་བསྒྲུབས་རྗེས་ཡུལ་དེར་ཁོང་གིས་ཐེ་ཏུ་འཐུས་ཚབ་ཏུ་བསྐོས་ནས་འགྲུབ་དགོས་པའི་བྱ་བ་རྣམས་བསྒྲུབ་ཏུ་བཅུག
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཕོལ་ལོལ་གྱིས་སྤྱི་ལོ་64ལོའི་ཡས་མས་སུ་ཀོ་རིན་ཐུ་གྲོང་ཁྱེར་ནས་ཐེ་ཏུ་ལ་བྲིས་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཕོལ་ལོལ་གྱིས་རང་ཉིད་ཀྱི་དབང་ཆ་ཐེ་ཏུ་ལ་སྤྲད་ཅིང་། ཐེ་ཏུ་ལ་ལམ་སྟོན་བྱས་པ་བརྒྱུད་ནས་ངོ་རྒོལ་བྱེད་མཁན་རྣམས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་དང་། དད་པའི་སེམས་དང་སྤྱོད་ལམ་སྐོར་ནས་སློབ་སྟོན་གནང་ཞིང་། ཡང་དགེ་རྒན་རྫུས་མ་རྣམས་ལ་ཉེན་བརྡ་ཇི་ལྟར་གཏོང་དགོས་པ་བཅས་ཀྱི་ཕྱོགས་ནས་འཕྲིན་ཡིག་འདི་བྲིས་པ་ཡིན། ཕོལ་ལོལ་གྱིས་ཐེ་ཏུ་ལ་བཅངས་པའི་འབྱུང་འགྱུར་གྱི་འཆར་གཞི་རྣམས་ཀྱི་གནས་ཚུལ་ཡང་བཀོད་ཡོད།
འཆར་ཟིན།
1. རྒན་པོ་རྣམས་ཀྱི་སྐོར། ༼1:1-9༽
2. དགེ་རྒན་རྫུས་མའི་རིགས། ༼1:10-16༽
3. ཆོས་ཚོགས་སོ་སོར་སློབ་སྟོན་གནང་བའི་སྐོར། ༼2:1-15༽
4. དད་ལྡན་རྣམས་ཀྱི་སྐོར། ༼3:1-8༽
5. སེམས་ཀྱི་ནོར་འཁྲུལ་སྣ་ཚོགས་ཀྱི་སྐོར། ༼3:9-15༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
1 དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཞབས་ཕྱི་པ་དང་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་པ་ཞིག་ཡིན༌ལ། དེ་ནི་དཀོན་མཆོག་གི་བདམས་པའི་མི་རྣམས་ཀྱི་དད་པ་དང༌། དད་གུས་བྱས་པ་བཞིན་དུ་བདེན་པ་ཉིད་རྟོགས་པ་ལ་བརྟེན༌ནས། 2 ཞལ་རྫུན་མི་གསུང་བའི་དཀོན་མཆོག་གིས་དུས་ཀྱི་སྔ་རོལ་ནས་ཞལ་བཞེས་གནང་བའི་མཐའ་མེད་པའི་ཚེ་སྲོག་དེ་ཉིད་འཐོབ་པར་རེ་བ་བཅངས་པ༌དང༌། 3 དུས་ལ་བབས་པ་ན། ཆོས་སྒྲོག་པ་བརྒྱུད་ནས་དཀོན་མཆོག་གི་བཀའ་དེ་མངོན་པར་མཛད༌ཅིང༌། ཆོས་བསྒྲག་པའི་ལས་འགན་ནི་བདག་ཅག་གི་སྐྱབས་མགོན་ཏེ་དཀོན་མཆོག་གི་བཀའ་བཞིན་དུ་བདག་ལ་བཅོལ་བ་ཡིན༌ནོ།།
4 ད་ལྟ་འཕྲིན་ཡིག་འདི་ནི་བདག་ཅག་ཐུན་མོང་གི་དད་པ་བཞིན། བདག་གི་བུ་དངོས་སུ་གྱུར་པ་ཐེ་ཏུ་ལ་སྤྲིངས༌ཤིང༌། ཡབ་དཀོན་མཆོག་དང་བདག་ཅག་གི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུ་ནས་ཁྱོད་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།
ཐེ་ཏུའི་ལས་འགན༌སྐོར།
5 བདག་གིས་སྔོན་ཆད་ཁྱོད་རང་ཀཱ་རེ་ཏ་རུ་བསྐྱུར་དོན༌ནི། བསྒྲུབས་མ་ཚར་བའི་བྱ་བ་རྣམས་ལེགས་པར་བསྒྲུབ་པ༌དང༌། བདག་གིས་ཁྱོད་ལ་ཁ་བསྒོ་བཏང་བ་བཞིན་གྲོང་བརྡལ་རེ་རེ་ནས་ཆོས་ཚོགས་ཀྱི་རྒན་པོ་རྣམས་བསྐོ་བར་བྱེད་པའི་ཕྱིར༌ཡིན་ནོ།། 6 རྒན་པོ་ནི་སྐྱོན་བརྗོད་རྒྱུ་ཅི་ཡང་མེད་ལ་ཆུང་མ་གཅིག་ཁོ་ནའི་ཁྱོ་ག་ཡིན་པ༌དང༌། ཁོའི་བུ་ཕྲུག་རྣམས་ལ་དད་པ་ཡོད་པ༌ལས། བག་མེད་རྣམ་གཡེང་དང་ངག་ལ་མི་ཉན་མཁན་ཞིག་རེད་ཅེས་གཏུག་མཁན་མེད་པ་ཞིག་ཡིན་དགོས་སོ།། 7 ཅིའི་ཕྱིར་ཞེ་ན། དོ་དམ་པ་ནི་དཀོན་མཆོག་གི་གཉེར་པ་ཡིན་ལ། ངེས་པར་སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པ༌དང༌། ཨུ་ཚུགས་མེད༌པ། ཁྲོ་སླ་བོ་མེད༌པ། ཆང་རག་འཐུང་བར་མི་རྔམ༌པ། མི་ལ་གཅར་རྡུང་མི་བྱེད༌པ། རྒྱུ་ནོར་མི་གཙང་བ་ལ་མི་རྔམ༌པ། 8 མགྲོན་པོ་བསུ་བར་དགའ༌བ། ལས་བཟང་པོར་དགའ༌བ། བག་ཡོད༌པ། གཞུང་དྲང༌བ། དམ་པ་ཡིན༌པ། རང་ཚོད་ཟིན༌པ། 9 ཡང་དག་པའི་བསྟན་པ་ལ་བརྟེན་ནས་མི་རྣམས་ལ་སྐུལ་སློང་བྱེད་པ༌དང༌། རྒོལ་ལན་སློག་མཁན་གྱི་སྨྲ་སྒོ་གཅོད་ཐུབ་པའི་ཕྱིར། ཆོས་གསུངས་པ་བཞིན་ཡིད་རྟོན་རུང་བའི་བཀའ་བརྟན་པོར་སྲུང་བ་བཅས་ཡིན་དགོས༌སོ།། 10 རྒྱུ་མཚན་ནི་ངོ་རྒོལ་བྱེད་ཅིང་འཆལ་གཏམ་སྨྲ་བ་དང་མི་ལ་མགོ་སྐོར་གཏོང་མཁན་ཡང་མང་དུ་ཡོད༌ལ། མཚན་སྐྱི་བཅད་པ་རྣམས་ནི་ལྷག་ཏུ་དེ་འདྲ་ཡིན་པའི་ཕྱིར༌རོ།། 11 དེ་རྣམས་ཀྱིས་ལྐོག་རྔན་གྱི་རྒྱུ་ནོར་འཐོབ་པའི་ཆེད༌དུ། སློབ་སྟོན་བྱེད་མི་རུང་བ་དེའང་མི་གཞན་ལ་སྨྲ་ཞིང༌། ཁྱིམ་ཚང་གང་བོར་གནོད་བསྐྱལ་བས་དེ་རྣམས་ཀྱི་སྨྲ་སྒོ་གཅོད་དགོས། 12 དེ་དག་གི་ཁྲོད་ནས་ལུང་སྟོན་པ་ཞིག་ན༌རེ། ཀཱ་རེ་ཏ་པ་རྣམས་ནི་རྟག་ཏུ་རྫུན་སྨྲ་མཁན་དང་གཅན་གཟན་གཏུམ་དྲག་ཅན་ལྟ་བུ་ཡིན༌ལ། ཟས་ལ་རྔམ་ཞིང་ལེ་ལོ་ཅན་ཡིན་ཞེས༌སྨྲས་སོ།། 13 བདེན་དཔང་དེ་ནི་དོན་དངོས་ཡིན་པས་ཁྱོད་ཀྱིས་དེ་རྣམས་ལ་གཤེ་གཤེ་དྲག་པོ་གཏོང་དགོས་སོ།། དེ་ནི་དེ་དག་ལ་དད་པའི་ཆ་ནས་སྐྱོན་གྱི་དྲི་མས་མ་གོས་པ༌དང༌། 14 ཡ་ཧུ་དཱ་པའི་ཁུངས་ལུང་མེད་པའི་གཏམ་རྒྱུད་དང་བདེན་པ་ཉིད་དང་ཁ་བྲལ་བ་རྣམས་ཀྱི་ངག་ལ་མི་མཉན་པའི་ཕྱིར༌རོ།། 15 སྤྱིར་གཙང་མ་ཅན་ལ་དངོས་པོ་ཐམས་ཅད་གཙང་མ་ཡིན༌མོད། འོན་ཀྱང་མི་གཙང་བ་དང་དད་པ་མེད་པའི་མི་ལ་གཙང་བ་གཅིག་ཀྱང་མེད། ཐ་ན་དེ་དག་གི་སེམས་དང་བསམ་པ་ཡང་མི་གཙང༌ངོ་།། 16 དེ་དག་གིས་དཀོན་མཆོག་ངོ་ཤེས་པ་ཡིན་ཞེས་སྨྲ་ཡང་སྤྱོད་ལམ་གྱི་ཆ་ནས་དཀོན་མཆོག་རིང་དུ་སྤངས་ཤིང་། དེ་དག་ནི་སྐྱུག་བྲོ་བ༌དང༌། བཀའ་ལ་མི་ཉན༌པ། ལས་བཟང་པོ་ཐམས་ཅད་ཀྱི་ཆ་ནས་འདོར་འོས་པ་ཡིན༌ནོ།།