༄༅། །ཡོ་ཧ་ནན་གྱི་འཕྲིན་ཡིག་དང་པོ།
ཡོ་ཧ་ནན་གྱི་འཕྲིན་ཡིག་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
དགེ་རྒན་རྫུས་མ་དེ་ཚོས་དུས་རབས་དང་པོའི་ཡེ་ཤུའི་ཆོས་ལུགས་པ་རྣམས་ལམ་ལོག་ཏུ་ཁྲིད་ཅིང་། དེ་ཚོས་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་ནི་མི་ངོ་མ་ཞིག་ཡིན་པར་ཁས་ལེན་མེད་པ་རེད། ཡེ་ཤུའི་ཆོས་ལུགས་ཀྱི་ལྡོག་ཟླར་གྱུར་པའི་ལྟ་བ་དེ་ནི་ནཱ་སི་ཊི་སེམ་༼Gnosticism༽ཞེས་པའི་གྲུབ་མཐའི་ལམ་ལུགས་ལས་བྱུང་བ་ཡིན་ལ། གྲུབ་མཐའི་ལམ་ལུགས་དེ་ནི་ཡོ་ཧ་ནན་དང་པོའི་གཞུང་ཕལ་ཆེར་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནས་ཚུལ་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་ཟེ་བད་ཡཱའི་བུ་ཡོ་ཧ་ནན་ཡིན་ལ། ཁོང་ནི་སྐུ་ཚབ་པ་ཡིན་པ་དང་། ཡོ་ཧ་ནན་གྱི་འཕྲིན་བཟང་དང་མངོན་པའི་མདོ་གཉིས་ཡི་གེར་འགོད་མཁན་དང་། སྐྱབས་མགོན་ཡེ་ཤུའི་གཉེན་ཉེ་ཡང་ཡིན། འཕྲིན་ཡིག་འདི་དུས་ནམ་ཞིག་ལ་བྱུང་བའི་ལོ་ཚིགས་ལ་ནོར་འཕྱུག་མེད་པའི་ཐག་ཆོད་ཅིག་དཀའ་ནའང་། དུས་རབས་དང་པོའི་མཇུག་སྟེ་སྤྱི་ལོ་90ལོའི་ཡས་མས་སུ་ཡི་གེར་བཀོད་པ་ནི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཤེས་ཐུབ།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་འདིའི་ནང་དུ་ཡོ་ཧ་ནན་ལ་དམིགས་ཡུལ་སྤྱིར་བཏང་བ་གཉིས་ཡོད་དེ།
༼1༽ དགེ་རྒན་རྫུས་མ་རྣམས་ཐེར་འདོན་བྱེད་པ།
༼2༽ དད་ལྡན་རྣམས་ལ་མཐའ་མེད་པའི་ཚེ་སྲོག་ཡོད་པར་སྟོན་པ། ཁོང་གིས་རང་གི་དམིགས་ཡུལ་གཞིར་བཟུང་ནས་ནཱ་སི་ཊི་༼Gnostic༽ཞེས་པའི་གྲུབ་མཐའ་འཛིན་པའི་དགེ་རྒན་ཚོའི་ལྟ་བ་སྟེ། སེམས་ཉིད་ནི་ཡོངས་སུ་བཟང་པོ་ཡིན་ཞིང་། ལུས་པོ་ནི་ཡོངས་སུ་ངན་པ་ཡིན་ཞེས་པའི་སྐོར་ལ་རྩོད་པ་དྲག་པོ་བྱས་པ་དང་། ཡོ་ཧ་ནན་གྱིས་ཁྱད་པར་དུ་དེ་ཚོར་བླང་དོར་རྣམ་འབྱེད་ཀྱིས་འདང་མེད་ཚུལ་ཤུགས་ཀྱིས་གླེང་ཞིང་། སྐྱབས་མགོན་ཡེ་ཤུ་ནི་མི་ཡི་གཟུགས་པོར་གྱུར་པའི་དོན་དངོས་ལ་མིག་མཐོང་ལག་ཟིན་གྱི་བདེན་དཔང་མཛད་དེ། ཁོང་གིས་ཀློག་པ་པོ་རྣམས་ལ་སྐྱབས་མགོན་ཡེ་ཤུ་མི་ཡི་གཟུགས་པོར་གྱུར་པའི་དོན་དངོས་དེར་ར་སྤྲོད་གནང་ཡོད་པ་རེད། དེར་མ་ཟད་ཁོང་གིས་གལ་སྲིད་རང་གིས་སྒྲུབ་བཞིན་པའི་བྱ་བ་འདི་ལ་གྲུབ་འབྲས་ཐོབ་པ་ཡིན་ན་ཁོ་རང་ཡོངས་སུ་དགའ་ཞིང་སྤྲོ་བ་ཡིན་ཞེས་བརྗོད།
འཆར་ཟིན།
1. སྐྱབས་མགོན་ཡེ་ཤུ་མི་ཡི་གཟུགས་པོར་གྱུར་པའི་སྐོར། ༼1:1-4༽
2. བདག་ཅག་གིས་དད་པ་བྱས་ནས་ཡབ་དང་སྲས་དཀོན་མཆོག་ལ་འདྲིས་པར་གྱུར་པའི་སྐོར། ༼1:5-2:28༽
3. བདག་ཅག་ནི་དཀོན་མཆོག་གི་བུ་ཕྲུག་དངོས་ཡིན་པའི་སྐོར། ༼2:29-4:6༽
4. ཀུན་སྤྱོད་ཀྱི་རྣམ་གཞག་དང་ཡེ་ཤུ་མཱ་ཤི་ཀའི་སྐོར། ༼4:7-5:12༽
5. ཡེ་ཤུའི་ཆོས་ལུགས་པའི་ངེས་དོན་རླབས་བོ་ཆེ། ༼5:13-21༽
ལེའུ་དང༌པོ།
ཚེ་སྲོག་གི་བཀའ་ཡི༌སྐོར།
1 དེ་ཡང་ཐོག་མ་ཉིད་ནས་བཞུགས་པའི་ཚེ་སྲོག་གི་བཀའ་དེ་གླེང་བ་ཡིན་ན། ངེད་ཅག་གིས་བཀའ་ * འདིར་བཀའ་ཞེས་པ་ནི་སྐྱབས་མགོན་ཡེ་ཤུར་གོ་ཞིང་དེ་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཀྱང་ཡིན། ཚེ་སྲོག་གི་བཀའ་ཞེས་པའང་སྐྱབས་མགོན་ཡེ་ཤུར་གོ་བ་ཡིན། དེ་རྣ་བས་ཐོས་ཤིང་མིག་གིས་མཐོང་མྱོང་བ༌དང༌། དངོས་སུ་བལྟས་མྱོང་ལ། ལག་པས་ཀྱང་དངོས་སུ་རེག་མྱོང་ངོ་།། 2 ཚེ་སྲོག་དེ་མངོན་པར་གྱུར་ཡོད་ལ་ངེད་ཅག་གིས་མཐོང་མྱོང་བ་དང་། ད་ལྟ་དེ་ལ་བདེན་དཔང་བྱེད་བཞིན་ཡོད་དེ། མ་གཞི་ཚེ་སྲོག་དེ་ཉིད་ནི་ཡབ་དང་ལྷན་དུ་བཞུགས་ཤིང་། ངེད་ཅག་ལ་མངོན་པར་གྱུར་པའི་མཐའ་མེད་པའི་ཚེ་སྲོག་དེ་ཁྱོད་ཅག་ལ་སྒྲོག་པ་ཡིན། 3 ཁྱོད་རྣམས་ངེད་ཅག་དང་འདྲིས་པའི༌ཕྱིར། ངེད་ཅག་གིས་གང་ཞིག་མཐོང་ཞིང་ཐོས་པ་དག་ཁྱོད་རྣམས་ལ་སྒྲོག་པ་ཡིན། ངེད་ཅག་ནི་དངོས་གནས་ཡབ་དང་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀར་འདྲིས་ཡོད་དོ།། 4 བདག་ཅག་ཡོངས་སུ་དགའ་ཞིང་སྤྲོ་བར་འགྱུར་བའི་ཕྱིར། ངེད་ཅག་གིས་དོན་འདི་དག་ཁྱོད་རྣམས་ལ་བྲིས་པའོ།།
འོད་ཟེར་ནང་དུ་སྐྱོད་པའི༌སྐོར།
5 དཀོན་མཆོག་ནི་འོད་ཟེར་ཡིན་པས་ཁོང་ལ་མུན་ནག་གཏན་ནས་མེད་དོ།། འདི་ནི་ངེད་ཅག་གིས་སྐྱབས་མགོན་ཡེ་ཤུ་ནས་ཐོས་ཤིང་ཁྱོད་ཅག་ལ་སྒྲོག་པའི་བརྡ་འཕྲིན་ཡིན་ནོ།། 6 གལ་ཏེ། བདག་ཅག་གིས་དཀོན་མཆོག་དང་འདྲིས་ཡོད་ཟེར་ཡང་། ད་དུང་མུན་ནག་ནང་དུ་སྤྱོད་པ་ཡིན་ན། དེ་ནི་བདག་ཅག་གིས་རྫུན་སྨྲས་པ་ཡིན་པས་བདེན་པ་ཉིད་བཞིན་དུ་སྤྱད་པ་སྤྱོད་པ་མ་ཡིན། 7 དཀོན་མཆོག་ནི་འོད་ཟེར་ནང་དུ་བཞུགས་པ་བཞིན་བདག་ཅག་འོད་ཟེར་ནང་དུ་སྤྱོད་པ་ཡིན་ན། བདག་ཅག་ཕན་ཚུན་ལ་འདྲིས་ཡོད་པ་ཡིན་ལ། ཁོང་གི་སྲས་སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་གིས་བདག་ཅག་གི་སྡིག་པ་ཐམས་ཅད་འདག་པར་མཛད༌དོ།།
8 བདག་ཅག་གིས་རང་ལ་སྡིག་པ་མེད་ཟེར་ན། དེ་ནི་རང་མགོ་རང་གིས་གཡོག་པ་ཡིན་པས། བདེན་པ་ཉིད་ནི་བདག་ཅག་གི་སེམས་སུ་གནས༌པ་མ་ཡིན་ནོ།། 9 དཀོན་མཆོག་ནི་ཡིད་རྟོན་རུང་བ་དང་དྲང་བདེན་ཡིན་པས། བདག་ཅག་གིས་རང་གི་སྡིག་པ་མཐོལ་བཤགས་བྱས༌ན། ཁོང་གིས་བདག་ཅག་གི་སྡིག་པ་བསལ་ཞིང་དྲང་བདེན་མ་ཡིན་པ་ཐམས་ཅད་གཙང་མར་མཛད་ངེས་ཡིན། 10 བདག་ཅག་གིས་སྡིག་པ་བྱས་མ་མྱོང་ཟེར་ན། བདག་ཅག་གིས་དཀོན་མཆོག་ནི་ཞལ་རྫུན་གསུང་མཁན་དུ་བརྩིས་པས། ཁོང་གི་བཀའ་ཡང་བདག་ཅག་གི་སེམས་སུ་གནས༌པ་མ་ཡིན་ནོ།།
*ལེའུ་དང༌པོ།:1 འདིར་བཀའ་ཞེས་པ་ནི་སྐྱབས་མགོན་ཡེ་ཤུར་གོ་ཞིང་དེ་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཀྱང་ཡིན། ཚེ་སྲོག་གི་བཀའ་ཞེས་པའང་སྐྱབས་མགོན་ཡེ་ཤུར་གོ་བ་ཡིན།