ལེའུ་གསུམ༌པ།
གཙོ་བོ་ཡེ་ཤུའི་ཉིན་མོའི༌སྐོར།
1 སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ད་ལྟ་བདག་གིས་ཁྱོད་ཅག་ལ་འབྲི་བཞིན་པ་འདི་ནི་འཕྲིན་ཡིག་གཉིས་པ་ཡིན་ནོ༎ འཕྲིན་ཡིག་འདི་གཉིས་ནི་ཁྱོད་ཅག་གི་གཞུང་སེམས་དྲང་པོ་ལ་དྲན་སྐུལ་དང་སྐུལ་སློང་བྱེད་པའི་ཆེད་དུ་བྲིས་པ་ཡིན་ལ། 2 དེ་ནི་ལུང་སྟོན་པ་དམ་པ་རྣམས་ཀྱིས་སྔར་གསུངས་པའི་བཀའ་རྣམས་དང་། གཙོ་བོ་དང་སྐྱབས་མགོན་དེ་ཉིད་ཀྱི་བཀའ༌སྟེ་ཁྱོད་ཅག་གི་སྐུ་ཚབ་པ་རྣམས་ཀྱིས་གནང་བ་དེ་དག་ཁྱོད་རྣམས་ཀྱི་ཡིད་ལ་འཛིན་པའི་ཕྱིར་དུ་ཡིན། 3 ཆེས་གལ་ཆེ་བ་ནི། མཐའ་མའི་ཉིན་མོ་དག་ལ་འཕྱ་སྨོད་བྱེད་པར་དགའ་བའི་མི་འབྱུང་བར་འགྱུར་བ་ཤེས་དགོས༌ཏེ། ཁོ་རྣམས་རང་གི་འདོད་ཆགས་ཀྱི་རྗེས་སུ་འབྲངས་ཏེ་ན་རེ། 4 ཁོང་ཉིད་ཕེབས་ཡོང་རྒྱུ་ཡིན་ཟེར་བའི་ཞལ་བཞེས་དེ་གང་དུ་ཡོད༌དམ། ཅིའི་ཕྱིར་ཞེ་ན། མེས་པོ་རྣམས་ཚེ་ལས་འདས་པ་ནས་བཟུང་། དོན་ཐམས་ཅད་ཐོག་མར་བསྐྲུན་པའི་དུས་དང་གཅིག་མཚུངས་ཡིན་པའི་ཕྱིར་རོ་ཞེས་སྨྲ་བ་ཡིན། 5-6 གནའ་སྔ་མོ་ནས་དཀོན་མཆོག་གི་བཀའ་ལ་བརྟེན་ནས་ནམ་མཁའ་བྱུང་བ་དང་། ས་གཞི་ནི་ཆུ་ནས་བྱུང་ཞིང་ཆུ་ལས་གྲུབ་པ་ཡིན་ལ། སྐབས་དེའི་འཇིག་རྟེན་ཆུས་བསྣུབས་ཏེ་འཇིག་པར་གྱུར་པ་ནི་མི་དེ་རྣམས་ཀྱིས་བསམ་བཞིན་བརྗེད་པར་བྱས་སོ།། 7 འོན་ཀྱང་ད་ལྟའི་གནམ་ས་གཉིས་ནི་ད་དུང་ཡང་བཀའ་དེར་བརྟེན་ནས་གནས༌ཤིང་། དད་གུས་མེད་པའི་མི་རྣམས་ལ་ཉེས་ཆད་ཕོགས་ནས་བརླག་པར་མཛད་པའི་ཉིན་མོའི་བར་དུ་བསྐྱུར་བ་དང་། དེ་ནས་གནམ་ས་གཉིས་མེར་བསྲེག་པར་འགྱུར་རོ།།
8 སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་བརྗེད་མི་རུང༌བ་ཞིག་ནི། གཙོ་བོའི་སྤྱན་ལམ་དུ་ཉིན་གཅིག་ནི་ལོ་འཁོར་ཆིག་སྟོང་དང་ལོ་འཁོར་ཆིག་སྟོང་ནི་ཉིན་གཅིག་དང་མཚུངས་པ་དེ་ཡིན་ནོ།། 9 གཙོ་བོས་ཞལ་བཞེས་གནང་བ་བཞིན་ད་དུང་འགྲུབ༌མེད་པས། མི་འགའ་ཤས་ཀྱི་སེམས་སུ་ཁོང་གིས་དུས་འགྱངས་མཛད་དོ་སྙམ་མོད། འོན་ཀྱང་དོན་དམ་དུ་དུས་འགྱངས་མཛད་པ་མ་ཡིན་པར། ཁྱོད་རྣམས་ལ་བཟོད་སྒོམ་གནངས་ཏེ། མི་གཅིག་ཀྱང་འཇིག་པར་འགྱུར་བར་ཐུགས་མི་མཉེས་ཤིང་། མི་ཐམས་ཅད་ཀྱིས་འགྱོད་བཤགས་བྱེད་པར་དགོངས༌པའོ།།
10 འོན་ཀྱང་། རྐུན་པོ་གློ་བུར་སླེབས་པ་ལྟར་གཙོ་བོའི་ཉིན་མོའང་སླེབ༌པར་ངེས་སོ།། ཉིན་དེར། ནམ་མཁའ་འུར་སྒྲ་ཆེན་པོ་དང་བཅས་ཡལ་བར་འགྱུར༌བ་དང་། འབྱུང་བ་ཐམས་ཅད་མེ་དཔུང་དྲག་པོས་བསྲེགས་ཏེ་མེད་པར་འགྱུར་ཞིང་། ས་གཞི་དང་དེའི་སྟེང་གི་དངོས་པོ་ཐམས་ཅད་ཀྱང་མེས་བསྲེག་པར་འགྱུར༌རོ།།
11 དེ་ཐམས་ཅད་དེ་བཞིན་མེད་པར་འགྱུར་འགྲོ་བ་ཡིན་ན། ཁྱོད་ཅག་གིས་ཇི་ལྟར་དམ་པ་དང་དད་གུས་ཡོད་པ་ཞིག་བྱེད་ཅིང་། 12 དཀོན་མཆོག་གི་ཉིན་མོ་སླེབ་ཡོང་བར་རེ་སྒུག་བྱེད་ལོང་མེད་པ་མ་ཡིན་ནམ། ཉིན་དེར། ནམ་མཁའ་མེས་བསྲེགས་ནས་མེད་པར་འགྱུར་ཞིང་། འབྱུང་བ་ཐམས་ཅད་ཀྱང་མེ་དཔུང་དྲག་པོས་ཞུ་བར་འགྱུར་རོ།། 13 འོན་ཀྱང་། ཁོང་གིས་ཞལ་བཞེས་གནང་བ་བཞིན། བདག་ཅག་གིས་དྲང་བདེན་བཞུགས་སའི་གནམ་ས་གསར་པ་ལ་རེ་སྨོན་བཅང་བའོ།།
14 དེའི་ཕྱིར། སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་དོན་དེ་དག་ལ་རེ་སྨོན་བཅངས་པ་ཡིན་ན། རང་ཉིད་སྐྱོན་གྱི་དྲི་མས་མ་གོས་པ་དང་། སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པ། གཙོ་བོའི་སྤྱན་སྔར་བློ་སེམས་བདེ་བའི་ངང་གནས་ཐུབ་པའི་ཕྱིར་བརྩོན་པ་བྱེད་དགོས་སོ།། 15 དེར་མ་ཟད། བདག་ཅག་གི་གཙོ་བོས་ཡུན་རིང་ལ་བཟོད་སྒོམ་གནང་བ་ནི་ཐར་པ་འཐོབ་པའི་རྒྱུ་རྐྱེན་དུ་བརྩི་དགོས་ལ། དེ་ནི་བདག་ཅག་གི་སྙིང་ནས་བརྩེ་བའི་སྤུན་ཟླ་ཕོལ་ལོལ་གྱིས་རང་ཉིད་ལ་གནང་ཡོད་པའི་ཤེས་རབ་བཞིན་ཁྱོད་ཅག་ལ་འཕྲིན་ཡིག་སྤྲིངས་པ་ལྟར་ཡིན། 16 ཁོང་གི་འཕྲིན་ཡིག་ཐམས་ཅད་ལས་དོན་དེ་རྣམས་བརྗོད་ཡོད། འཕྲིན་ཡིག་ལས་གོ་བ་ལོན་དཀའ་བ་དག༌ནི། བློ་གྲོས་མེད་པ་དང་བློ་མི་བརྟན་པ་རྣམས་ཀྱིས་ལོག་བཤད་བྱེད་ཅིང་། དེ་ནི་གསུང་རབ་ཀྱི་མདོ་གཞན་དག་ལ་ལོག་བཤད་བྱེད་པ་ལྟར། རང་གིས་རང་ཉིད་འཇིག་པར་བྱེད་དོ།།
17 སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། ཁྱོད་ཅག་གིས་སྔ་མོ་ནས་དོན་འདི་དག་ཤེས་པ་ཡིན༌ན། ཁྲིམས་མེད་ལུགས་མེད་ཀྱི་མི་དག་གི་ནོར་འཁྲུལ་གྱི་གཡོ་འོག་ཏུ་མི་ཚུད་པ་དང་། རང་ཉིད་བརྟན་པོ་ཡིན་པ་དེ་མི་ཉམས་པའི་ཕྱིར་དོགས་ཟོན་བྱེད་དགོས་སོ།། 18 འོན་ཀྱང་། ཁྱོད་རྣམས་དེ་ལས་ལྡོག་སྟེ་བདག་ཅག་གི་གཙོ་བོ་དང་སྐྱབས་མགོན་ཡིན་པའི་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཤེས་ཡོན་རྟོགས་པའི་ཆ་ནས་ཡར་ཐོན་ཡོང་དགོས། དུས་ད་ལྟ་དང་མཐའ་མེད་པའི་ཉིན་མོའི་བར་དུ་ཁོང་ལ་བསྟོད་བསྔགས་བརྗོད་པར་སྨོན། ཨ༌མེན།། །།