༄༅། །ལུང་སྟོན་པ་དཱ་ནེ་ཨེལ་གྱི་མདོ།
ལུང་སྟོན་པ་དཱ་ནེ་ཨེལ་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
དཱ་ནེ་ཨེལ་གྱི་གཞུང་གི་ནང་དུ་ཡེས་ར་ཨེལ་པ་རྣམས་བཙན་ཁྲིད་བྱས་པའི་དུས་སྐབས་ཀྱི་གནས་ཚུལ་བཀོད་ཡོད་པ་དང་། ལོ་རྒྱུས་ཡོངས་ལ་དབང་མཛད་པའི་དཀོན་མཆོག་ལ་མི་རྣམས་ཀྱིས་ཡིད་ཆེས་བྱེད་དགོས་པའི་སྐུལ་མ་གནང་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
ལེའུ་དགུ་པའི་ཚིག་རྐང་གཉིས་པ་དང་ལེའུ་བཅུ་པའི་ཚིག་རྐང་གཉིས་པ་སོགས་དོན་ཚན་འགའ་ཞིག་གི་ནང་དུ་གཞུང་འདི་ཡི་གེར་འགོད་མཁན་དཱ་ནེ་ཨེལ་ཡིན་པར་བརྗོད་ཡོད། སྐྱབས་མགོན་ཡེ་ཤུས་ཀྱང་དཱ་ནེ་ཨེལ་ཡི་གེར་འགོད་མཁན་ཡིན་པ་དེ་མད་ཐཱའི་འཕྲིན་བཟང་གི་ལེའུ་ཉེར་བཞི་པའི་ཚིག་རྐང་བཅོ་ལྔའི་ནང་དུ་གསུངས་ཡོད། གཞུང་གི་ནང་དུ་བདེན་དཔང་གསལ་པོར་བྱས་པ་བཞིན། དཱ་ནེ་ཨེལ་གྱིས་གཞུང་འདི་ཡི་གེར་བཀོད་པའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་530ལོའི་ཡས་མས་ཡིན། དེ་ནི་སྤྱི་ལོ་སྔོན་གྱི་539ལོར་ཏ་ཟིག་རྒྱལ་པོ་ཀོ་རེས་ཀྱིས་པཱ་པེལ་ལོན་དབང་དུ་བསྒྱུར་བའི་རྗེས་སུ་བྱུང་བ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདིའི་ནང་གི་ཆོས་ཀྱི་ལྟ་གྲུབ་གཙོ་བོ་ནི་དཀོན་མཆོག་གི་བླ་ན་མེད་པའི་དབང་ཡིན་ཏེ། བླ་ན་མེད་པའི་དཀོན་མཆོག་ནི་མི་ཡུལ་གྱི་རྒྱལ་སྲིད་ཀུན་ལ་དབང་སྒྱུར་མཁན་ཡིན་ཞེས་གསུངས་ཡོད། དེ་ནི་ལེའུ་ལྔ་པའི་ཚིག་རྐང་ཉེར་གཅིག་པར་གསལ། དཱ་ནེ་ཨེལ་གྱི་ལུང་བསྟན་ལས་མཐོང་བའི་ཞལ་གཟིགས་རྣམས་དཀོན་མཆོག་གི་རྒྱལ་ཁ་ཡིན་པར་རྒྱུན་དུ་བསྟན་ཡོད་པ་རེད། དཀོན་མཆོག་གི་བླ་མ་མེད་པའི་དབང་ནི་མངོན་པའི་གཞུང་གི་ལེའུ་བཅུ་གཅིག་པའི་ཚིག་རྐང་བཅོ་ལྔའི་ནང་དུ་གསུངས་ཡོད། ༼དཱ་ནེ་ཨེལ་གྱི་ལེའུ་གཉིས་པའི་ཚིག་རྐང་ཞེ་བཞི་པ་དང་ལེའུ་བདུན་པའི་ཚིག་རྐང་ཉེར་བདུན་པ་དང་བསྡུར་དགོས།༽
འཆར་ཟིན།
1. དཱ་ནེ་ཨེལ་སོགས་ཀྱི་གནས་སྟངས་སྐོར། ༼1:1-21༽
2. རྒྱལ་ཁམས་རྣམས་ཀྱི་སྐོར་ལུང་དུ་བསྟན་པ། ༼2:1-7:28༽
ཀ རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་རྨི་ལམ་སྐོར། ༼2:1-4:37༽
ཁ། རྒྱལ་པོ་པེལ་ཤཱ་ཙར་དང་པཱ་པེལ་ལོན་གཉིས་ཉམས་རྒུད་དུ་འགྱུར་བའི་སྐོར། ༼5:1-31༽
ག ལུང་སྟོན་པ་དཱ་ནེ་ཨེལ་བསྐྱབས་པ་དང་ཁོང་གི་རྨི་ལམ་སྐོར། ༼6:1-7:28༽
3. ཡེས་ར་ཨེལ་གྱི་སྐོར་ལ་གནང་བའི་ལུང་བསྟན། ༼8:1-12:13༽
ཀ དཱ་ནེ་ཨེལ་གྱིས་མཐོང་བའི་ཞལ་གཟིགས་ལས་ར་ཕོ་ཞིག་དང་ལུག་ཐུག་ཅིག་མངོན་པ། ༼8:1-27༽
ཁ། དཱ་ནེ་ཨེལ་གྱི་གསོལ་འདེབས་དང་བདུན་ཕྲག་བདུན་ཅུའི་སྐོར། ༼9:1-27༽
ག ཡེས་ར་ཨེལ་གྱི་སྐོར་ལ་གནང་བའི་མ་འོངས་ལུང་བསྟན་དང་དུས་ཀྱི་མཐའ་མའི་སྐོར། ༼10:1-12:13༽
ལེའུ་དང་པོ།
དཱ་ནེ་ཨེལ་ལ་སོགས་པཱ་པེལ་ལོན་རྒྱལ་པོའི་མཛངས་བློན་དུ་གྱུར་པའི་སྐོར།
1 ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱིས་སྲིད་སྐྱོང་བའི་ལོ་གསུམ་པར། པཱ་པེལ་ལོན་རྒྱལ་ཁབ་ཀྱི་གོང་མ་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ནི་ཡེ་རུ་སཱ་ལེམ་དུ་འོངས་ནས་གྲོང་ཁྱེར་བསྐོར་བ་དང་། 2 གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་དང་ཁོང་གི་མཆོད་ཁང་ལས་སྣོད་ཆས་འགའ་ནེ་བོ་ཀད་ནེ་ཙར་གྱི་ལག་ཏུ་གཏད། ཁོས་སྣོད་ཆས་དེ་རྣམས་ཤིན་ཨར་ཡུལ་ * ཤིན་ཨར་ཡུལ་ཞེས་པ་ནི་པཱ་པེལ་ལོན་ཡིན་ཏེ། ཤིན་ཨར་གྱི་ཐང་ནི་པཱ་པེལ་གྲོང་ཁྱེར་ཐོག་མར་བརྩིགས་སའི་ཡུལ་ཡིན་ལ། ཕྱིས་སུ་པཱ་པེལ་ལོན་ཞེས་འབོད་པ་ཡིན། དུ་ཡོད་པའི་ལྷ་ཁང་དུ་གདན་དྲངས་ཤིང་རང་གི་ལྷ་ཡི་ནོར་མཛོད་ནང་དུ་བཞག་གོ །
3-4 དེ་ནས་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་རང་གི་ནང་བློན་ཨ་ཤུ་ཕི་ནཱ་སི་ལ་བཀའ་གནང་སྟེ། ཡེས་ར་ཨེལ་པ་རྣམས་ཀྱི་རྒྱལ་རྒྱུད་དང་སྐུ་དྲག་རྣམས་ལས་ལུས་སྟེང་དུ་སྐྱོན་ཏིལ་ཙམ་ཡང་མེད་པ་དང་བྱད་གཟུགས་མཛེས་པ། བློ་རིག་དང་ཤེས་ཡོན་སྣ་ཚོགས་ལྡན་པ། རིག་པའི་གནས་གང་ཞིག་སྦྱོང་བར་བློ་རྣོ་བ། ཤེས་རིག་གི་སྦྱངས་སྟོབས་མངའ་བ་བཅས་ཀྱི་གཞོན་ནུ་འཇོན་ཐང་ཅན་སྐོར་ཞིག་སྟེ་རྒྱལ་པོའི་སྐུ་སྲུང་དུ་འོས་པ་རྣམས་བདམས་ནས་ཁོ་རྣམས་ལ་ཀལ་དི་པའི་སྐད་ཡིག་དང་རྩོམ་རིག་ཁྲིད་ཅིག་ཅེས་སྨྲས་སོ། ། 5 ཡང་རྒྱལ་པོས་ཁོ་རྣམས་ལ་ཉིན་རེ་བཞིན་གོང་མས་སྤྱོད་པའི་བཟའ་བཅའ་དང་བཏུང་བྱའི་རྒུན་ཆང་གནང་བར་གཏན་ཁེལ་བྱས་པ་དང་། ལོ་གསུམ་ལ་སྦྱོང་བརྡར་སྤྲད་པའི་རྗེས་སུ་ཁོ་རྣམས་ཀྱིས་རྒྱལ་པོར་ཞབས་ཕྱི་བསྒྲུབ་དགོས་པའོ། ། 6 གཞོན་ནུ་དེ་དག་ལས་དཱ་ནེ་ཨེལ་དང་། ཧ་ནན་ཡཱ། མེ་ཤཱ་ཨེལ། ཨ་ཟར་ཡཱ་བཅས་ནི་ཡ་ཧུ་དཱའི་བུ་རྒྱུད་ཡིན། 7 དེ་ཡང་བློན་ཆེན་གྱིས་ཁོ་ཚོའི་མིང་བརྗེས་པ་འདི་ལྟ་སྟེ། དཱ་ནེ་ཨེལ་ལ་པེལ་ཏེ་ཤཱ་ཙར་དང་ཧ་ནན་ཡཱ་ལ་ཤད་རག མེ་ཤཱ་ཨེལ་ལ་མེ་ཤག ཨ་ཟར་ཡཱ་ལ་ཨ་བེད་ནེ་གོ་ཞེས་བཏགས་སོ། །
8 འོན་ཀྱང་དཱ་ནེ་ཨེལ་གྱིས་རང་ཉིད་གོང་མས་སྤྱོད་པའི་བཟའ་བཅའ་ཞིམ་པོ་དང་རྒུན་ཆང་མངར་མོ་ལ་འབག་པར་མི་བྱ་སྙམ་ནས། རང་ཉིད་འབག་པར་མི་བྱ་བའི་ཆེད་དུ་ཉུག་རུམ་པར་ཞུ་བ་ཕུལ། 9 དེ་བས་དཀོན་མཆོག་གིས་བློན་ཆེན་དེའི་མདུན་དུ་དཱ་ནེ་ཨེལ་ལ་གཟིགས་སྐྱོང་དང་སྙིང་རྗེ་ཐོབ་ཏུ་བཅུག་ནའང་། 10 བློན་ཆེན་དེས་དཱ་ནེ་ཨེལ་ལ། ང་ནི་རང་གི་ཇོ་བོ་དང་རྒྱལ་པོ་ཁོང་ལ་འཇིགས་ཏེ། ཁོང་གིས་ཁྱོད་རྣམས་ལ་བཟའ་བཏུང་བཀོད་སྒྲིག་བྱས་ཚར། གལ་ཏེ་ཁོང་གིས་ཁྱོད་རྣམས་ནི་ལོ་མཉམ་གཞན་དག་ལས་ངོ་མདངས་སྐྱ་བོ་ཡིན་པ་མཐོང་ན་མི་ལེགས་ཏེ། ཁྱོད་རྣམས་ཀྱིས་རྒྱལ་པོའི་དྲུང་དུ་ངའི་མགོ་ཤོར་དུ་བཅུག་པ་མ་ཡིན་ནམ་ཞེས་སྨྲས། 11 བློན་ཆེན་གྱིས་དཱ་ནེ་ཨེལ་དང་ཧ་ནན་ཡཱ། མེ་ཤཱ་ཨེལ། ཨ་ཟར་ཡཱ་བཅས་ལ་ལྟ་རྟོག་བྱེད་དུ་བསྐོས་པའི་འགོ་དཔོན་དེར་དཱ་ནེ་ཨེལ་ན་རེ། 12 ཁྱེད་ཀྱིས་ཞབས་ཕྱི་ངེད་ཅག་ལ་ཉིན་ཞག་བཅུའི་རིང་ལ་ཟས་སུ་སྔོ་ཚོད་དང་བཏུང་བར་ཆུ་གཙང་མ་གནང་ནས་ཚོད་ལྟ་བྱེད་པར་མཛོད། 13 དེ་ནས་ཁྱེད་ཀྱིས་ང་ཚོའི་བཞིན་རས་དང་རྒྱལ་པོའི་ཕོ་བྲང་ནས་ཟས་ལ་རོལ་མཁན་གཞོན་ནུ་ཚོའི་བཞིན་རས་གཉིས་ཀ་བསྡུར་ནས། ཇི་ལྟར་མཐོང་བ་བཞིན་ཐག་གཅོད་བྱེད་པར་མཛོད་ཅེས་ཞུས་པ་ན། 14 བསམ་འཆར་དེ་ལ་འགོ་དཔོན་འཐད་པ་བྱུང་ཞིང་ཉིན་ཞག་བཅུའི་རིང་ལ་ཚོད་ལྟ་བྱས་སོ། །
15 ཉིན་བཅུ་ཡི་རྗེས་སུ་དེ་དག་གི་བཞིན་རས་ནི་རྒྱལ་པོའི་ཟས་སྤྱད་པའི་གཞོན་ནུ་མཐའ་དག་ལས་ཀྱང་མཛེས་ཤིང་དར་ཡོད་པ་མཐོང་སྟེ། 16 ཁོ་རྣམས་ལ་ལྟ་རྟོག་བྱེད་པའི་འགོ་དཔོན་དེས་ཁོ་རྣམས་ལ་བཀོད་སྒྲིག་བྱས་པའི་བཟའ་བཅའ་ཞིམ་པོ་དང་རྒུན་ཆང་མངར་མོ་ཕྱིར་བླངས་ནས་སྔོ་ཚོད་བཟའ་བར་བཅུག་གོ ། 17 དེ་ཡང་དཀོན་མཆོག་གིས་གཞོན་ནུ་བཞི་པོར་སྐད་ཡིག་དང་ཤེས་རབ་སྣ་ཚོགས་ལ་མཁོ་བའི་ཤེས་ཡོན་དང་རིག་པ་བསྩལ་ཞིང་། དཱ་ནེ་ཨེལ་གྱིས་ཞལ་གཟིགས་དང་རྨི་ལམ་སྣ་ཚོགས་ལ་བརྟག་ཤེས་པའོ། །
18 དེར་རྒྱལ་པོས་གཞོན་ནུ་ཐམས་ཅད་ཕོ་བྲང་ནང་དུ་འཁྲིད་པར་བཀའ་ཕབ་པའི་དུས་སུ་སླེབས་པ་ན། བློན་ཆེན་གྱིས་དེ་དག་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་མདུན་དུ་ཁྲིད་དོ། ། 19 རྒྱལ་པོས་དེ་རྣམས་དང་གླེང་མོལ་བྱས་པ་ལ། དེ་རྣམས་ཀྱི་ཁྲོད་དུ་དཱ་ནེ་ཨེལ་དང་ཧ་ནན་ཡཱ། མེ་ཤཱ་ཨེལ། ཨ་ཟར་ཡཱ་བཅས་བཞི་པོ་དང་འདྲ་བ་ཞིག་མ་མཐོང་བས་ཁོ་རྣམས་རྒྱལ་པོའི་བློན་པོ་སྟེ་ཞབས་ཕྱི་རུ་བསྐོས་པ་རེད། 20 རྒྱལ་པོས་ཁོ་རྣམས་ལ་ཤེས་རབ་དང་བློ་གྲོས་ཀུན་གྱི་ཆ་ནས་དྲི་བ་བཏོན་པ་དང་། ཁོ་ཚོ་ནི་ཡུལ་དེའི་མོ་པ་དང་སྒྱུ་མ་མཁན་ཐམས་ཅད་ལས་ཀྱང་ལྡབ་བཅུ་ཡིས་མཁས་པ་རྟོགས་སོ། ། 21 དཱ་ནེ་ཨེལ་ནི་རྒྱལ་པོ་ཀོ་རེས་ཀྱི་སྲིད་ལོ་དང་པོའི་བར་དུ་གནས་པར་གྱུར་ཏོ། །
*ལེའུ་དང་པོ།:2 ཤིན་ཨར་ཡུལ་ཞེས་པ་ནི་པཱ་པེལ་ལོན་ཡིན་ཏེ། ཤིན་ཨར་གྱི་ཐང་ནི་པཱ་པེལ་གྲོང་ཁྱེར་ཐོག་མར་བརྩིགས་སའི་ཡུལ་ཡིན་ལ། ཕྱིས་སུ་པཱ་པེལ་ལོན་ཞེས་འབོད་པ་ཡིན།