ལེའུ་གཉིས་པ།
རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་རྨི་ལམ།
1 ནེ་བོ་ཀད་ནེ་ཙར་གྱིས་སྲིད་སྐྱོང་བའི་ལོ་གཉིས་པར་ཁོས་རྨི་ལམ་རྨིས་པ་དང་། སེམས་འཁྲུགས་ནས་གཉིད་ཀྱང་མ་ཁུགས་པས་ན། 2 རྒྱལ་པོས་རྨི་ལམ་དེ་དག་ལ་བརྟག་ཏུ་འཇུག་པའི་ཆེད་དུ་མི་མངགས་ནས་མོ་པ་དང་སྒྱུ་མ་མཁན། རྫུ་འཕྲུལ་ཅན། ཀལ་དི་པའི་མི་ཐམས་ཅད་འབོད་དུ་བཅུག་པ་དང་། ཁོ་རྣམས་དུས་ལྟར་རྒྱལ་པོའི་མདུན་དུ་འཛོམས་ཏེ་ཁོའི་བཀའ་བཀོད་ལ་བསྒུགས་ནས་བསྡད། 3 རྒྱལ་པོས་དེ་རྣམས་ལ་འདི་ལྟར། ངས་རྨི་ལམ་ཞིག་རྨིས་བྱུང་། དེས་ང་རང་སེམས་འཁྲུག་ཏུ་བཅུག་པས་དེའི་དོན་ཅི་ཡིན་པ་ཤོད་ཅིག་ཅེས་སྨྲས་པ་ན། 4 ཀལ་དི་པ་དག་གིས་ཨ་རམ་སྐད་ཀྱིས་རྒྱལ་པོ་ལ། ཀྱེ། རྒྱལ་པོ་ཆེན་པོ་ལགས། ཁྱེད་རང་སྐུ་ཚེ་ཡུན་རིང་བརྟན་པར་ཤོག ཁྱེད་ཀྱི་རྨི་ལམ་དེ་ངེད་ཞབས་ཕྱི་རྣམས་ལ་གསུང་བར་མཛོད་དང་། ངེད་ཅག་གིས་དེར་བརྟག་པར་བྱའོ་ཞེས་ཞུས་སོ། ། 5 དེ་ནས་རྒྱལ་པོས་ཀལ་དི་པ་རྣམས་ལ་འདི་ལྟར། ངའི་བཀའ་ལ་འགྱུར་བ་གཏན་ནས་མེད། གལ་ཏེ་ཁྱོད་ཅག་གིས་ངས་རྨིས་པའི་རྨི་ལམ་དང་དེའི་དོན་ཅི་ཡིན་པ་གསལ་པོར་བཤད་མ་ཐུབ་ཚེ། ཁྱོད་རྣམས་དུམ་བུ་དུམ་བུར་གཏུབ་ཅིང་ཁང་པ་རྣམས་ཞིག་རོར་ལུས་པར་འགྱུར། 6 འོན་ཀྱང་ཁྱོད་ཅག་གིས་ངས་རྨིས་པའི་རྨི་ལམ་དང་དེའི་དོན་ཅི་ཡིན་པ་བདག་ལ་གསལ་པོར་བཤད་ཐུབ་ཚེ། ཁྱོད་ཅག་ལ་ལེགས་སྐྱེས་དང་བྱ་དགའ་གནང་ཞིང་བཀུར་སྟི་ཆེན་པོ་འཐོབ་ངེས་ཡིན་པས། ཁྱོད་ཅག་གིས་ངའི་རྨི་ལམ་དང་དེའི་དོན་ཅི་ཡིན་པ་བདག་ལ་གསལ་པོར་ཤོད་ཅིག་ཅེས་སྨྲས་སོ། ། 7 ཁོ་ཚོས་ཡང་བསྐྱར་ལན་དུ། རྒྱལ་པོས་ཉིད་ཀྱི་རྨི་ལམ་དེ་ངེད་ཞབས་ཕྱི་རྣམས་ལ་གསུང་བར་མཛོད་དང་། ངེད་ཅག་གིས་དེར་བརྟག་པར་བྱའོ་ཞེས་ཞུས་སོ། །
8 དེ་ནས་རྒྱལ་པོས་འདི་ལྟར། ཁྱོད་ཅག་གིས་བདག་གི་བཀའ་ལ་འགྱུར་བ་མེད་པ་ཤེས་པས། དུས་འགྱངས་བྱེད་འདོད་པ་བདག་གིས་ཤེས་གསལ་ཡིན། 9 གལ་ཏེ་ཁྱོད་ཅག་གིས་ང་ལ་རྨི་ལམ་དེ་གསལ་པོར་མ་བཤད་ན་ཆད་པ་གཅོད་ངེས་ཡིན། ཁྱོད་ཅག་གིས་ལྐོག་འབྲེལ་གྱིས་ང་ལ་ཁུངས་མེད་འཆལ་གཏམ་སྨྲས་ཏེ་གནས་ཚུལ་ལ་འགྱུར་ལྡོག་འབྱུང་བར་སྒུག་པ་རེད། ངས་ཁྱོད་ཅག་གིས་རྨི་ལམ་གྱི་དོན་ཅི་ཡིན་པ་དངོས་གནས་ང་ལ་གསལ་པོར་བཤད་ཐུབ་པ་ཤེས་པའི་ཆེད་དུ་རྨི་ལམ་དེ་ད་ལྟ་རང་ང་ལ་ཤོད་ཅིག་ཅེས་སྨྲས་སོ། །
10 ཀལ་དི་པ་དག་གིས་རྒྱལ་པོར་ལན་དུ། ས་སྟེང་དུ་རྒྱལ་པོའི་གསང་བ་འདི་བརྟོལ་ཐུབ་པའི་སྐྱེ་བོ་སུ་ཡང་ཡོད་མ་ཡིན། རྒྱལ་པོ་རླབས་བོ་ཆེ་དང་དབང་ཐང་ཅན་གང་གིས་ཀྱང་སྒྱུ་མ་མཁན་དང་སྔགས་པ། ཀལ་དི་པ་བཅས་སུ་ལའང་དོན་དེ་འདྲ་དྲིས་མ་མྱོང་ངོ་། ། 11 རྒྱལ་པོའི་བཀའ་འདི་ཧ་ཅང་དཀའ་བས། མི་དང་མཉམ་དུ་མི་བཞུགས་པའི་ལྷ་ཚོགས་མ་གཏོགས་སྐྱེ་བོ་སུ་ཞིག་གིས་ཀྱང་རྨི་ལམ་དེ་ཁྱེད་ཀྱི་སྐུ་དྲུང་ནས་འཆད་པར་མི་ནུས་ཞེས་ཞུས་པས། 12 རྒྱལ་པོ་ཤིན་ཏུ་ཁྲོས་ཏེ་པཱ་པེལ་ལོན་གྱི་མཁས་མཛངས་ཐམས་ཅད་གསོད་དགོས་པའི་བཀའ་བསྩལ་པ་དང་། 13 མཁས་མཛངས་རྣམས་སྲོག་ཐོག་གཏོང་བའི་བཀའ་རྒྱ་ཀུན་ལ་སྤེལ་ཞིང་དཱ་ནེ་ཨེལ་དང་ཁོའི་གྲོགས་པོ་རྣམས་ཀྱང་བཙལ་ནས་སྲོག་ཐོག་གཏོང་བར་བསྒྲགས་སོ། །
དཀོན་མཆོག་གིས་དཱ་ནེ་ཨེལ་ལ་རྨི་ལམ་གྱི་དོན་བསྟན་པ།
14 དེ་ཡང་དཱ་ནེ་ཨེལ་གྱིས་པཱ་པེལ་ལོན་གྱི་མཁས་མཛངས་རྣམས་གསོད་དུ་འོངས་པའི་སྐུ་སྲུང་དམག་དཔོན་ཨར་ཡོག་ཅེས་བྱ་བར་སྤྱང་གྲུང་ལྡན་པའི་སྒོ་ནས་ཚིག་འཇམ་པོ་སྨྲས་པ་སྟེ། 15 སྐུ་སྲུང་དམག་དཔོན་ཨར་ཡོག་ལ་འདི་ལྟར། རྒྱལ་པོའི་བཀའ་ནི་འདི་འདྲ་བྲེལ་མྱུར་ཆེ་བ་ཅི་ཡིན་ནམ་ཞེས་དྲིས་པ་ན། ཨར་ཡོག་གིས་དོན་དེའི་སྐོར་དཱ་ནེ་ཨེལ་ལ་རྒྱས་པར་བཤད། 16 དེ་ནས་དཱ་ནེ་ཨེལ་རྒྱལ་པོའི་སྐུ་མདུན་དུ་བཅར་ཏེ། ཁོས་རྨི་ལམ་དེའི་དོན་ཅི་ཡིན་པ་རྒྱལ་པོར་སྨྲ་ནུས་པའི་ཆེད་དུ་དུས་འགྱངས་བྱེད་པའི་ཞུ་བ་ཕུལ་ཏོ། ། 17 དཱ་ནེ་ཨེལ་རང་ཁྱིམ་དུ་ལོག་སྟེ་རང་གི་གྲོགས་པོ་ཧ་ནན་ཡཱ་དང་། མེ་ཤཱ་ཨེལ། ཨ་ཟར་ཡཱ་བཅས་ལ་དོན་དེ་རྒྱས་པར་བཤད་པ་དང་། 18 ཡང་རང་ཉིད་དང་ཁོའི་གྲོགས་པོ་རྣམས་པཱ་པེལ་ལོན་གྱི་མཁས་མཛངས་བྱིངས་དང་མཉམ་དུ་མེད་པར་མི་འགྱུར་བའི་ཆེད་དུ། ནམ་མཁའི་དཀོན་མཆོག་གིས་སྙིང་རྗེ་དགོངས་ནས་རྟོགས་དཀའ་བའི་གསང་བ་དེ་གསལ་པོར་སྟོན་པར་སྨོན་ལམ་འདེབས་དགོས་པ་ཁོ་རྣམས་ལ་བཤད། 19 དེ་ནས་མཚན་མོའི་ཞལ་གཟིགས་ཁྲོད་དུ་གསང་བ་དེ་དཱ་ནེ་ཨེལ་ལ་མངོན་པར་མཛད་པས་དཱ་ནེ་ཨེལ་གྱིས་ནམ་མཁའི་དཀོན་མཆོག་ལ་འདི་ལྟར་བསྟོད་པ་ཕུལ་བ་སྟེ།
20 དཀོན་མཆོག་མཚན་ལ་གཏན་དུ་བསྟོད་བསྔགས་བརྗོད། །
ཤེས་རབ་ནུས་མཐུ་ཡོད་དོ་ཁོང་གི་ཡིན། །
21 དུས་དང་ནམ་ཟླའི་འགྱུར་བག་ཁོང་གིས་མཛད། །
ཁོང་གིས་རྒྱལ་པོ་བསྐོ་འཇོག་བྱེད་པ་དང་། །
དེ་རྣམས་རྒྱལ་པོའི་ཁྲི་ལས་འབེབ་པར་མཛད། །
མཁས་མཛངས་ལྡན་པའི་མི་བུར་ཤེས་རབ་སྦྱིན། །
ཡོན་ཏན་ལྡན་པ་རྣམས་ལ་དཔྱོད་ཤེས་སྩོལ། །
22 རྟོགས་དཀའ་གསང་བའི་དོན་རྣམས་མངོན་པར་མཛད། །
མུན་ནག་ཁྲོད་ཀྱི་ཡོད་ཚད་ཁོང་གིས་མཁྱེན། །
འོད་ནི་ཁོང་དང་ངོ་བོ་དབྱེར་མེད་ལགས། །
23 ང་ཡི་མེས་པོ་རྣམས་ཀྱི་དཀོན་མཆོག་ལགས། །
ཁྱེད་ལ་ཐུགས་རྗེ་ཞུ་ཞིང་བསྟོད་བསྔགས་བརྗོད། །
ཁྱེད་ཀྱིས་ཤེས་རབ་ནུས་མཐུ་བདག་ལ་གནང་། །
ངེད་ཀྱིས་ཁྱེད་ལ་གང་ཞིག་ཞུས་པ་དེ། །
ད་ལྟ་ཁྱེད་ཀྱིས་བདག་ལ་གསལ་པོར་མངོན། །
རྒྱལ་པོའི་རྨི་ལམ་ང་ཚོར་གསལ་པོར་བསྟན། །
ཞེས་པའོ། །
དཱ་ནེ་ཨེལ་གྱིས་རྒྱལ་པོའི་རྨི་ལམ་དང་དེའི་དོན་འགྲེལ་བ།
24 དེ་ཡང་དཱ་ནེ་ཨེལ་རྒྱལ་པོས་པཱ་པེལ་ལོན་གྱི་མཁས་མཛངས་རྣམས་གསོད་པར་བསྐོས་པའི་ཨར་ཡོག་གི་གམ་དུ་སོང་སྟེ་འདི་ལྟར། པཱ་པེལ་ལོན་གྱི་མཁས་མཛངས་རྣམས་མ་གསོད་ཅིག ང་རང་རྒྱལ་པོའི་དྲུང་དུ་འཁྲིད་པར་གྱིས་དང་ངས་རྒྱལ་པོར་རྨི་ལམ་དེའི་དོན་ཅི་ཡིན་ཞུ་དགོས་ཞེས་སྨྲས་པ་ན། 25 ཨར་ཡོག་གིས་དེ་མ་ཐག་ཏུ་དཱ་ནེ་ཨེལ་རྒྱལ་པོའི་སྐུ་དྲུང་དུ་ཁྲིད་དེ་ན་རེ། ངས་ཡ་ཧུ་དཱ་པའི་བཙོན་མ་རྣམས་ལས་ཁྱེད་ཀྱི་རྨི་ལམ་ལ་འགྲེལ་བཤད་རྒྱག་མཁན་ཞིག་རྙེད་བྱུང་ཞེས་སྨྲས་སོ། ། 26 དེར་རྒྱལ་པོས་པེལ་ཏེ་ཤཱ་ཙར་ཞེས་ཀྱང་འབོད་པའི་དཱ་ནེ་ཨེལ་ལ་འདི་ལྟར། ཁྱོད་ཀྱིས་རྨི་ལམ་དེ་ང་ལ་སྟོན་ནུས་པ་དང་དེར་འགྲེལ་བཤད་ཀྱང་རྒྱག་ཐུབ་བམ་ཞེས་དྲིས་པ་ན། 27 དཱ་ནེ་ཨེལ་གྱིས་རྒྱལ་པོ་ལ་ལན་དུ། ཁྱེད་ཀྱིས་དྲིས་པའི་གསང་བ་ཆེན་པོ་དེ་ནི་མཁས་མཛངས་དང་། སྒྱུ་མ་མཁན། མོ་པ། རྩིས་པ་སོགས་སུ་ཞིག་གིས་ཀྱང་འགྲེལ་མི་ནུས། 28 འོན་ཀྱང་གསང་བ་ཐམས་ཅད་ཐོགས་མེད་དུ་མངོན་པར་མཛད་ནུས་པའི་དཀོན་མཆོག་ཅིག་ནམ་མཁའ་རུ་བཞུགས་ཡོད་པས། ཁོང་གིས་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ཁྱེད་རང་ལ་མཐའ་མའི་ཉིན་མོ་དག་ལ་ཅི་ཞིག་འབྱུང་ངེས་པ་བསྟན་ཅིང་། ཁྱེད་ཀྱི་རྨི་ལམ་དང་མལ་ཁྲིའི་སྟེང་ཉིད་ཀྱི་བློ་ངོར་འཆར་བའི་ཞལ་གཟིགས་ནི་འདི་ལྟ་སྟེ། 29 ཀྱེ་རྒྱལ་པོ་ཆེན་པོ་ལགས། ཁྱེད་མལ་ཁྲིའི་སྟེང་དུ་ཡོད་དུས་འབྱུང་འགྱུར་གྱི་དོན་རྣམས་ཡིད་ལ་འཁོར་ཞིང་། གསང་བ་མངོན་པར་མཛད་མཁན་ཁོང་གིས་མ་འོངས་པར་ཅི་ཞིག་འབྱུང་ངེས་པ་ཁྱེད་ལ་དངོས་སུ་བསྟན་པ་ཡིན། 30 ད་ལྟ་གསང་བ་འདི་ང་རང་ལ་མངོན་པར་གྱུར་པ་ནི་བདག་ལ་གཞན་ལས་ལྷག་པའི་ཤེས་རབ་རྣོན་པོ་ཞིག་མངའ་བས་མ་ཡིན་པར། རྒྱལ་པོ་ཁྱེད་ཀྱིས་རྨི་ལམ་གྱི་དོན་དང་ཉིད་ཀྱི་དགོངས་ཚུལ་གཉིས་ཀ་གསལ་པོར་མཁྱེན་པའི་ཆེད་དུ་ཡིན་ནོ། །
31 ཀྱེ། རྒྱལ་པོ་ལགས། ཁྱེད་ཀྱིས་སྐུ་བརྙན་ཆེན་པོ་ཞིག་མཐོང་སྟེ། རྔམ་བརྗིད་ཆེ་ཞིང་འོད་མདངས་འཚེར་བ་དང་། ཁྱེད་ཀྱི་དྲུང་དུ་ཀྲོང་ངེར་ལངས་ནས་རྣམ་པ་འཇིགས་སུ་རུང་བ་ཞིག་ཡིན། 32 དེའི་མགོ་བོ་ནི་གསེར་བཙོ་མས་ཤན་ཞིང་བྲང་དང་དཔུང་པ་སོགས་དངུལ་གྱིས་བཞེངས་པར་མ་ཟད། ཁོག་པ་དང་རྐེད་པ་ནི་ལི་ཡིས་བཟོས་ཡོད། 33 ད་དུང་བརླ་ནི་ལྕགས་དང་། རྐང་པ་ནི་ཕྱེད་ཀ་ལྕགས་དང་ཕྱེད་ཀ་འཇིམ་བག་ཡིན། 34 ཁྱེད་ཀྱིས་ལྟ་བའི་སྐབས་སུ། མི་ཡིས་གཤགས་པ་མ་ཡིན་པའི་རྡོ་ཕ་བོང་ཞིག་གིས་སྐུ་བརྙན་དེའི་ལྕགས་དང་འཇིམ་གྱིས་བཟོས་པའི་རྐང་པར་བརྡེགས་ནས་དེ་རྡུལ་དུ་བརླག་པའོ། ། 35 དེ་ནས་ལྕགས་དང་འཇིམ་བག ལི། དངུལ། གསེར་བཅས་ནི་དུས་གཅིག་ཏུ་དུམ་བུར་འཐོར་ཏེ་དབྱར་རླུང་གིས་རྒྱང་ཐག་རིང་པོར་འཁུར་བའི་གཡུལ་ཁའི་སྦུར་མ་ལྟར་རྗེས་ཤུལ་ཙམ་ཡང་རྙེད་མ་སོང་། འོན་ཀྱང་སྐུ་བརྙན་དེར་བརྡེགས་པའི་རྡོ་ཕ་བོང་དེ་ནི་རི་བོ་ཆེན་པོ་ཞིག་ཏུ་གྱུར་ནས་ས་སྟེང་ཡོངས་སུ་ཁྱབ་པའོ། ། 36 དེ་ནི་ཁྱེད་ཀྱི་རྨི་ལམ་ཡིན། ད་ལྟ་བདག་གིས་རྒྱལ་པོའི་དྲུང་དུ་དེའི་དོན་འཆད་པར་བྱའོ། །
37 ཀྱེ་རྒྱལ་པོ་ལགས། ཁྱེད་ནི་རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ལགས། ནམ་མཁའི་དཀོན་མཆོག་གིས་ཁྱེད་ལ་རྒྱལ་སྲིད་དང་དབང་ཆ། ནུས་མཐུ། གཟི་བརྗིད་བཅས་གནང་ཡོད། 38 དེ་མིན་ཁོང་གིས་ཡུལ་སོ་སོར་ཐར་ཐོར་དུ་གནས་པའི་མི་རྣམས་དང་ས་སྟེང་གི་དུད་འགྲོ། ནམ་མཁའི་བྱ་ལ་སོགས་པ་ཁྱེད་ཀྱི་དབང་འོག་ཏུ་གནང་ནས། ཁྱེད་ཉིད་དེ་ཐམས་ཅད་ལ་བདག་གཉེར་བྱེད་མཁན་དུ་བསྐོས། གསེར་གྱི་མགོ་བོ་ཅན་དེ་ཁྱེད་ཡིན་ནོ། ། 39 དེ་ཡང་ཁྱེད་ཀྱི་རྗེས་སུ་ཁྱེད་ལས་སྟོབས་ཆུང་བའི་རྒྱལ་སྲིད་གཞན་ཞིག་འབྱུང་བ་དང་། དེར་མཐུད་ནས་ལི་ཡི་རྒྱལ་སྲིད་གསུམ་པ་ཞིག་གིས་ས་སྟེང་ཡོངས་སུ་སྲིད་བསྐྱང་བར་བྱའོ། ། 40 ད་དུང་ལྕགས་ལྟར་སྲ་བའི་རྒྱལ་སྲིད་བཞི་པ་ཞིག་ཀྱང་འབྱུང་ཞིང་། ལྕགས་ཀྱིས་ཚང་མ་གཏོར་ཞིང་རྡུལ་དུ་བརླག་ནུས་པ་བཞིན་རྒྱལ་སྲིད་དེས་ཀྱང་གཞན་ཡོད་ཚད་གཅོག་ཅིང་རྡུལ་དུ་བརླག་ངེས་ཡིན། 41 ཁྱེད་ཀྱིས་དེའི་རྐང་པ་དང་རྐང་མཛུབ་ཀྱི་ཕྱེད་ཀ་ནི་མེར་བསྲེགས་པའི་འཇིམ་བག་དང་ཕྱེད་ཀ་ནི་ལྕགས་ཡིན་པ་མཐོང་བ་བཞིན་དུ། རྒྱལ་སྲིད་དེ་ཡང་ཁ་འཐོར་དུ་འགྲོ་རྒྱུ་ཡིན་པ་དང་། ཡང་ཁྱེད་ཀྱིས་ལྕགས་ལ་འཇིམ་བག་འདྲེས་ཡོད་པ་མཐོང་བ་བཞིན་དུ། རྒྱལ་སྲིད་དེ་ཡང་ལྕགས་ལྟར་སྲ་མཁྲེགས་ལྡན་པ་ཡིན་ནོ། ། 42 རྐང་མཛུབ་རྣམས་ནི་ཕྱེད་ཀ་ལྕགས་དང་ཕྱེད་ཀ་འཇིམ་བག་ཡིན་པ་བཞིན་དུ། རྒྱལ་སྲིད་དེ་ཡང་ཕྱེད་ཀ་སྟོབས་དང་ལྡན་ལ་ཕྱེད་ཀ་ཉམས་ཞན་ཡིན། 43 ཡང་ཁྱེད་ཀྱིས་ལྕགས་དང་འཇིམ་བག་འདྲེས་ཡོད་པ་མཐོང་བ་བཞིན་དུ། རྒྱལ་སྲིད་དེའི་མི་རྣམས་ཀྱང་རིགས་རྒྱུད་གཞན་རྣམས་དང་འདྲེས་ནའང་། ལྕགས་དང་འཇིམ་བག་གཉིས་ཀ་འདྲེ་མི་སྲིད་པ་ལྟར་དེ་རྣམས་ཕན་ཚུན་འབྲེལ་བར་མི་འགྱུར་རོ། ། 44 རྒྱལ་པོ་དེ་རྣམས་ཀྱི་ཉིན་མོ་ལ། ནམ་མཁའི་དཀོན་མཆོག་གིས་ནམ་ཡང་འཇིག་མི་སྲིད་པའི་རྒྱལ་སྲིད་ཅིག་དར་བར་མཛད་ཅིང་། སྲིད་དབང་ནམ་ཡང་མི་སྡེ་གཞན་གྱི་ལག་ཏུ་མི་འཆོར་བར་མ་ཟད། རྒྱལ་སྲིད་དེས་རྒྱལ་སྲིད་གཞན་ཐམས་ཅད་གཏོར་ནས་རྡུལ་དུ་བརླག་པར་བྱ་ཞིང་། དེ་ནི་དུས་གཏན་དུ་གནས་པར་འགྱུར་རོ། ། 45 ཁྱེད་ཀྱིས་མི་སུས་ཀྱང་མ་གཤགས་པར་རི་བོ་ལས་ཐོན་པའི་རྡོ་ཕ་བོང་དེས་ལྕགས་དང་ལི། འཇིམ་བག དངུལ། གསེར་བཅས་རྡུལ་དུ་བརླག་པ་མཐོང་བ་བཞིན་དུ། བླ་མེད་དཀོན་མཆོག་གིས་རྒྱལ་པོ་ཁྱེད་ལ་མ་འོངས་པ་ན་ཅི་ཞིག་འབྱུང་ངེས་པ་བསྟན་པ་རེད། རྨི་ལམ་ནི་བདེན་པ་ཡིན་ཞིང་དེའི་དོན་ཡང་ཡིད་རྟོན་རུང་བ་ཡིན་ཞེས་སྨྲས་སོ། །
46 དེ་ནས་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་ལུས་པོ་སར་བཏུད་ནས་དཱ་ནེ་ཨེལ་ལ་གུས་ཕྱག་བཙལ་ཞིང་མཆོད་པ་དང་བདུག་སྤོས་འབུལ་བའི་བཀའ་བསྩལ་ཏོ། ། 47 རྒྱལ་པོས་དཱ་ནེ་ཨེལ་ལ་འདི་ལྟར། ཁྱེད་ཀྱིས་གསང་བ་འདི་མངོན་པར་མཛད་པས་ན། ཁྱེད་ཀྱི་དཀོན་མཆོག་ནི་ལྷ་ཐམས་ཅད་ཀྱི་དཀོན་མཆོག་དང་རྒྱལ་པོ་ཀུན་གྱི་གཙོ་བོ། གསང་བ་མ་ལུས་མངོན་པར་མཛད་མཁན་བཅས་ལགས་སོ་ཞེས་སྨྲས་སོ། ། 48 དེ་ནས་རྒྱལ་པོས་དཱ་ནེ་ཨེལ་གྱི་གོ་གནས་སྤར་བ་དང་། ཁོ་ལ་རིན་ཐང་ཆེ་བའི་ལེགས་སྐྱེས་མང་པོ་གནང་བར་མ་ཟད། པཱ་པེལ་ལོན་ཞིང་ཆེན་ཡོངས་ལ་བདག་གཉེར་བྱེད་དུ་བཅུག་པ་དང་། ཡང་ཁོ་རང་ནི་པཱ་པེལ་ལོན་གྱི་མཁས་མཛངས་ཀུན་ལ་བདག་གཉེར་བྱེད་པའི་སྲིད་འཛིན་དུ་བསྐོས་པའོ། ། 49 དཱ་ནེ་ཨེལ་གྱིས་རྒྱལ་པོར་རེ་བ་ཞུས་པ་ལ། རྒྱལ་པོས་ཤད་རག་དང་མེ་ཤག ཨ་བེད་ནེ་གོ་བཅས་གསུམ་ནི་པཱ་པེལ་ལོན་ཞིང་ཆེན་གྱི་སྲིད་དོན་སྒྲུབ་མཁན་དུ་བསྐོས་པ་དང་། དཱ་ནེ་ཨེལ་རང་ཉིད་རྒྱལ་པོའི་ཕོ་བྲང་ནང་དུ་ཞབས་ཕྱི་རུ་བསྡད་དོ། །