ལེའུ་སོ་གཅིག་པ།
ཤུག་ཤིང་ཆེན་པོའི་དཔེ།
1 དེ་ཡང་ལོ་བཅུ་གཅིག་པའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ལ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 2 ཀྱེ་མིའི་བུ། ཁྱོད་ཀྱིས་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་དང་དེའི་མི་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་རླབས་ཆེན་ཡིན་པ་བརྗོད་ན། སུ་ཞིག་ཁྱོད་དང་འགྲན་ནུས་སམ། 3 ལྟོས་དང་། སྔར་ཨ་སུར་ནི་ལེ་པཱ་ནོན་གྱི་ཐང་ཤིང་ཡིན་ཏེ། ལྕུག་ཕྲན་མཛེས་ཤིང་ནགས་ཚལ་སྟུག་པ་དང་། ལྗོན་ཤིང་མཐོ་ལ་ཤིང་གི་རྩེ་མོ་ནི་ཤིན་ཏུ་སྟུག་པོའི་ཡལ་འདབ་སྟེང་དུ་ཡོད་པ་ཡིན། 4 ཆུ་རྣམས་ཀྱིས་དེ་སྐྱེ་རུ་བཅུག་སྟེ། གཡང་རོང་གིས་དེ་མཐོན་པོར་སྐྱེ་རུ་བཅུག་ཅིང་། གཙང་པོ་ནི་གཏིང་ཟབ་ས་ནས་བཞུར་འོངས་ནས་དེ་འཛུགས་སའི་ཡུལ་བསྐོར་བ་དང་། ཆུ་ཕྲན་རྣམས་ཀྱང་ཐང་གི་ལྗོན་ཤིང་ཀུན་གྱི་སར་བཞུར་བ་ཡིན། 5 དེ་བས། ཤིང་དེ་ནི་མཐོ་ཞིང་ཆེ་ལ། ཐང་གི་ལྗོན་ཤིང་རྣམས་ལས་ཀྱང་མཐོ་བའོ། །དེ་སྐྱེས་ནས་ཡལ་ག་རྒྱས་པའི་དུས་སུ། ཆུ་འཛོམས་པའི་རྐྱེན་གྱིས་ཡལ་གའི་ལྕུག་ཕྲན་རིང་དུ་སྐྱེ་བའོ། ། 6 ནམ་མཁའི་བྱ་ཐམས་ཅད་ཀྱིས་ཡལ་གའི་སྟེང་དུ་ཚང་བཅོས་པ་དང་། ཐང་གི་རི་དྭགས་ཐམས་ཅད་ཀྱིས་ཡལ་གའི་འོག་ཏུ་ཕྲུ་གུ་བཙས་ནས། མི་རིགས་ཆེན་པོ་ཐམས་ཅད་དེའི་བསིལ་གྲིབ་འོག་ཏུ་སྡོད་པ་ཡིན། 7 ཤིང་དེའི་རྩ་བ་ནི་ཆུ་མང་བའི་གནས་སུ་ཟུག་པས་ན། ཤིང་དེ་མཐོ་ཞིང་ལྕུག་ཕྲན་རིང་བས་མཛེས་པར་མངོན་ནོ། ། 8 དཀོན་མཆོག་གི་ལྡུམ་རའི་ནང་གི་ཐང་ཤིང་ཡང་དེ་དང་འགྲན་ཟླ་མེད་དེ། གསོམ་ཤིང་ཡང་དེའི་ཡལ་གར་མི་དོ་ལ། ཤིང་ཙི་ནཱར་ཡང་དེའི་ལྕུག་ཕྲན་ལ་མི་དོ། དཀོན་མཆོག་གི་ལྡུམ་རའི་ནང་གི་ལྗོན་ཤིང་གང་ལའང་དེ་ལྟ་བུའི་མཛེས་སྡུག་ནི་མེད། 9 ངས་དེ་ནི་ལྕུག་ཕྲན་མང་བའི་སྒོ་ནས་མཛེས་པར་བྱས་ཤིང་། ཐ་ན་དཀོན་མཆོག་གི་ལྡུམ་ར་སྟེ་ཨེ་དེན་ལྡུམ་རའི་ལྗོན་ཤིང་ཐམས་ཅད་ཀྱིས་ཀྱང་དེ་ལ་ཕྲག་དོག་བྱེད་དོ། །
ང་རྒྱལ་གྱི་དབང་གིས་ཕམ་ནས་འཇིགས་པ།
10 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཤིང་དེ་ནི་མཐོ་ལ་ཤིང་གི་རྩེ་མོ་ཤིན་ཏུ་སྟུག་པོའི་ཡལ་འདབ་སྟེང་དུ་ཡོད་པའི་རྐྱེན་དང་། ཡང་མཐོ་ཞིང་ཆེ་བའི་དབང་གིས་དེར་ང་རྒྱལ་ཆེ་བས། 11 ངས་དེ་ནི་མི་རིགས་ཀུན་གྱི་འགོ་དཔོན་ལག་ཏུ་གཏད་ནས། དེས་དེ་ལ་ཁ་གཏད་འཇལ་ངེས་ཡིན་ཞིང་། དེའི་སྡིག་པའི་རྐྱེན་གྱིས་ངས་དེ་ཕྱི་རུ་བསྐྲད་དོ། ། 12 ཕྱི་ཕྱོགས་པའི་ནང་གི་ཆེས་གདུག་རྩུབ་ཆེ་བའི་མི་རྣམས་ཀྱིས་དེ་བཅད་ནས་འདོར་བར་འགྱུར་ལ། དེའི་ཡལ་འདབ་ནི་རི་དང་ལུང་པ་ཐམས་ཅད་དུ་ལྷུང་ཞིང་། དེའི་ཡལ་ག་ཆག་ནས་ས་གཞིའི་གྲོག་ཤུར་ཀུན་གྱི་ནང་དུ་ལྷུང་བར་འགྱུར། ས་གཞིའི་མི་རིགས་ཐམས་ཅད་དེའི་བསིལ་གྲིབ་དང་བྲལ་ནས་དེ་སྤང་བར་འགྱུར། 13 ནམ་མཁའི་བྱ་ཐམས་ཅད་སར་འགྱེལ་བའི་ལྗོན་ཤིང་སྟེང་དུ་སྡོད་ཅིང་། ཐང་གི་རི་དྭགས་ཐམས་ཅད་དེའི་ལྕུག་ཕྲན་བར་དུ་གནས་པར་འགྱུར་རོ། ། 14 དེ་ནི་ཕྱིན་ཆད་ཆུ་འགྲམ་གྱི་ལྗོན་ཤིང་ཐམས་ཅད་ལས་གང་གིས་ཀྱང་རང་ཉིད་མཐོ་བའི་རྐྱེན་གྱིས་རང་མཐོང་མི་བྱེད་པ་དང་། རང་གི་རྩེ་མོ་ཡལ་འདབ་ཤིན་ཏུ་སྟུག་པོའི་སྟེང་དུ་རྒྱས་པར་མི་བྱ་ཞིང་། ཆུ་ཡིས་བརླན་བསྐྱེད་པའི་ལྗོན་ཤིང་གང་ཡང་མགོ་འཕང་མི་མཐོ་བའི་ཆེད་དུའོ། །གང་ལ་ཞེ་ན། དེ་དག་ས་གཞིའི་མི་རྣམས་ལས་གཤིན་ཡུལ་དུ་ལྷུང་བ་དག་དང་མཉམ་དུ་འཆི་བ་དང་ས་གཞིའི་གཏིང་ཟབ་སར་གཏད་པའོ། ། 15 གཙོ་བོ་ཡ་ཝཱེས་འདི་སྐད་དུ། དེ་གཤིན་ཡུལ་དུ་ལྷུང་བའི་ཉིན་མོར་ངས་དེའི་རྐྱེན་གྱིས་སྐྱོ་གདུང་གིས་རྒྱ་མཚོ་འགེབ་ཅིང་། གཙང་པོ་རྣམས་བཀག་ནས་ཆུ་ཆེན་པོའི་བཞུར་མཚམས་གཅོད་པ་དང་། ལེ་པཱ་ནོན་ལ་ངས་དེའི་དོན་དུ་སྡུག་བསྔལ་བྱེད་དུ་འཇུག་ཅིང་། ཐང་གི་ལྗོན་ཤིང་ཐམས་ཅད་ཀྱང་དེའི་རྐྱེན་གྱིས་སྐམ་པར་འགྱུར། 16 ངས་དེ་གཤིན་པོའི་གནས་སུ་གཡུགས་ནས། དེ་གཤིན་ཡུལ་དུ་ལྷུང་བའི་མི་རྣམས་དང་མཉམ་དུ་སྡོད་དུས་སུ། དེ་མར་ལྷུང་བའི་སྒྲ་ཡིས་ངས་མི་ཐམས་ཅད་འདར་དུ་བཅུག་ན། ཨེ་དེན་གྱི་ལྗོན་ཤིང་ཐམས་ཅད་དེ། ལེ་པཱ་ནོན་གྱི་ཆུ་ཡིས་བརླན་པར་བྱས་པའི་ཆེས་ལེགས་ཤིང་ཡིད་དུ་འོང་བའི་ལྗོན་ཤིང་ཐམས་ཅད་ལ་སའི་གཏིང་རིམ་དུ་སེམས་གསོ་འཐོབ་པར་འགྱུར། 17 ལྗོན་ཤིང་དེ་དག་ཀྱང་དེ་དང་མཉམ་དུ་གཤིན་ཡུལ་དུ་བབས་ནས་རལ་གྲིས་བཀུམ་པའི་མི་རྣམས་ཀྱི་རྩར་འགྲོ་ཞིང་། མི་དེ་རྣམས་ནི་དེའི་དཔུང་གྲོགས་ཡིན་ལ། སྔར་མི་རིགས་ཀུན་གྱི་ནང་དུ་དེའི་བསིལ་གྲིབ་འོག་ཏུ་བསྡད་པ་ཡིན། 18 ཁྱོད་ཀྱི་གཟི་དཔལ་དང་མཐོ་ཚད་ལ་ཨེ་དེན་གྱི་ལྗོན་ཤིང་ལས་གང་ཞིག་གིས་འགྲན་ནུས་སམ། ཡིན་ཡང་ཁྱོད་ནི་ཨེ་དེན་གྱི་ལྗོན་ཤིང་རྣམས་དང་མཉམ་དུ་ས་འོག་ཏུ་འབབ་པར་མ་ཟད། མཚན་སྐྱི་མ་བཅད་པ་རྣམས་ཀྱི་ཁྲོད་དུ་རལ་གྲིས་བཀུམ་པ་རྣམས་དང་མཉམ་དུ་ཁྱོད་ཉལ་བར་འགྱུར། ལྗོན་ཤིང་འདི་ནི་ཕཱར་ཨོལ་དང་ཁོའི་མི་རྣམས་ཡིན་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །